[འོད་སྟོང་འབར་བའི“ལོ་ལྔའི་འཆར་མགོད་བཅུ་བཞི་པའི”སྒྱུར་བཅོས་ཀྱི་ལེའུ་གསར་པ་ལས་ལོ་ལྔའི་འཕོ་འགྱུར་གླེང་བ]བདེ་སྐྱིད་སྡེ་བའི་བདེ་སྐྱིད་ཀྱི་གྲུབ་འབྲས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ངའི་མིང་ལ་ཀྲའོ་ཧྲུན་མིང་ཟེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་བདེ་སྐྱིད་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཡིན། སྡེ་བ་འདིར་བསྡད་ནས་ལོ་བཅོ་ལྔ་མགོར་སོང་། ལོ་ལྔ་པོའི་འཕོ་འགྱུར་གླེང་སྐབས་ང་ཚོའི་བདེ་སྐྱིད་སྡེ་བས“བདེ་སྐྱིད་མི་ལྡན་པའི”ཞྭ་མོ་ཕུད་ནས་སྡེ་མིང་དེ་མིང་དོན་ལྡན་པར་གྱུར།

ང་ཚོའི་སྡེ་བ་ནི་གནས་སྤོ་སྡེ་བ་ཞིག་ཡིན་པ་དང། སྡེ་མི་ནི་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་ནས་སྤོས་ཡོང་བ་ཡིན།དེ་སྔ་གནས་སྤོ་སྡེ་བ་ཞིག་ཡིན་པའི་ངོས་ནས་དུད་ཚང51དང་སྡེ་མི205ཡིས་རྨོ་ཞིང་ས་མུའུ550(མུའུ་1ལ་སྤྱི་ཆིང་0.0667)དང་ནགས་ས་ས་མུའུ38སྲུང་ནས་འཚོ་བ་སྐྱེལ་བཞིན་ཡོད། ས་བབ་ཡག་པོ་མེད་པ་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཁུལ་ཡོངས་ཆེས་མཐའ་མ་ཡིན་ཞིང་འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་གུ་དོག།སྐབས་དེ་དུས་སྡེ་བའི་ནང་གི་ལམ་ཀྱག་ཀྱོག་ཡིན་པ་དང་ཁ་ཆར་འབབ་པའི་སྐབས་སུ་རྐང་པ་འདམ་གྱིས་བརྫིས་ནས་འགྲོ་དགོས། ཁང་པ་མང་ཆེ་བ་ས་རྩིག་གི་གྱང་ཡིན། ངའི་ཁྱིམ་གྱི་ས་ཞིང་མུའུ11ལ་ལོ་ཏོག་དཀྱུས་མ་ལས་འདེབས་མི་ཐུབ་པ་དང་ལོ་གཅིག་ལ་ཤི་འབད་རོ་འབད་བྱས་ཀྱང་ཡོང་འབབ་ཅང་མེད།སྡེ་མི་ཚོ་ཕྱུག་འགྱུར་བྱེད་འདོད་ཀྱང་ཐབས་ལམ་གཞན་མེད་པས་གདོང་ནས་འཛུམ་མདངས་ཤིག་མཐོང་དཀའ།

སྡེ་བའི“ཨུ་ལྷན་གཉིས”ཀྱིས་ལོ་མང་རིང་སྐུལ་ཁྲིད་ཧུར་ཐག་བྱས་པ་བརྒྱུད། སྡེ་བར་འགྱུར་ལྡོག་ཕྲན་བུ་བྱུང་ཡོད།ལྷག་པར“ལོ་ལྔའི་འཆར་མགོད་བཅུ་བཞི་པའི”རིང་རྨ་ནུབ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས“འཕེལ་རྒྱས་དོན་གཉེར་བྱེད་དགོས་ན་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས་པ་དང་ཏང་འཛུགས་སྐྱོང་དམ་འཛིན་བྱེད་དགོས་ན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་ང་ཚོས་རྩ་འཛུགས་མཉམ་སྐྲུན་དང་།བཅོས་སྐྱོང་མཉམ་སྐྲུན།ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད་དཀའ་གནད་སེལ་དུ་འཇུག་དགོས་པའི་རེ་བ་བཏོན་པར་མ་ཟདསྡེ་བ་དང་མཐུན་སྒྲིལ་སྡེ་བས་མཉམ་སྐྲུན་ཆ་སྒྲིག་གི་སྒོ་ནས་རྟག་ཏུ་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་ཉམས་མྱོང་སྤེལ་རེས་བྱས། མཐུན་སྒྲིལ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅིས་ད་དུང་ང་ཚོར་ཏང་གི་སློབ་ཚན་ཁྲིད་བྱས་ཏེ། སྡེ་བ་གཉིས་ཀྱི་གོང་བུར་འགྲིལ་ཤུགས་ཇེ་ཆེར་ཕྱིན། ཕྱིས་བ་རྒྱ་སྡེ་བ་དང་མཉམ་འབྲེལ་བཅོས་སྐྱོང་དང་།རིག་གནས་རོལ་རྩེད།ཁོར་ཡུག་མཉམ་བཅོས།འགལ་བ་མཉམ་སྒྲིག མང་ཚོགས་མཉམ་འབྲེལ་རོགས་རམ་བཅས་བྱས་པས་ཁྱིམ་མཚེས་བར་གྱི་འབྲེལ་བ་སྔར་བས་འཆམ་མཐུན་བྱུང་བ་དང་།སྡེ་བའི་ནང་གི་དོན་དག་ཚང་མས་མཉམ་དུ་གྲོས་བསྡུར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕྱོགས་གཅིག་ཏུ་བསྐྱོད་པ་རེད།

ང་ཚོར་སེམས་འགུལ་ཆེས་ཐེབས་པ་ཞིག་ནི“གནམ་གྱིས་གནང་བའི་ས་ཞིང”གིས་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱས་པ་དེ་རེད། ང་ཚོའི་སྡེ་བར་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་མེད་པས་ཐོན་ལས་རྣམ་གྲངས་གཉེར་འདོད་ན་ས་ཞིང་རྩ་བ་ནས་ཐག་གཅོད་མི་ཐུབ།འགག་རྩའི་དུས་སུ་མཐུན་སྒྲིལ་སྡེ་བས་རིན་མི་དགོས་པར་འཛུགས་སྐྲུན་ས་ཆ་མུའུ་1.5མཁོ་འདོན་བྱས་པ་དང་ཚེ་ཐང་སྡེ་བས་རིན་གོང་དམའ་ཤོས་ཀྱི་ཐོག་ནས་ང་ཚོར་ས་ཞིང་མུའུ་60བསྐོར་བས་ཐོན་ལས་འཕེལ་རྒྱས་ཀྱི་ས་ཆའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།

ལོ་འདི་དག་རིང་སྡེ་བའི་འགྱུར་ལྡོག་ཉིན་རེ་རེར་མི་འདྲ།2023ལོར་གྲོང་གསེབ་དར་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས་སྣུམ་འཚག་ཁང་དང་སྣོད་བཅུད་གསོ་ཚགས་ར་བ་སྔ་རྗེས་སུ་བཙུགས་པ་དང་ལོ་མཇུག་ཏུ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི12ཟིན་ནས་འབབ་འཕར་བྱུང་ཡོད།

2024ལོར་ཁྱོན་མ་དངུལ་སྒོར་ཁྲི570ལྷག་ཙམ་བཏང་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཀྱིས་སྡེ་བ་གསར་རྐྱང་དུ་གྱུར་པ་སྟེ། ལམ་སྒྲོན70སྐར་མ་ལྟར་མཚན་མོའི་སྡེ་བ་གསལ་བར་བྱེད་པ་དང་། བགྲོད་ལམ་ཁྱིམ་ཚང་ཚང་མའི་སྒོ་ཁར་ཤར་གཏོང་ཐུབ་པ། ཆུ་རྐ་དང་མི་བགྲོད་ལམ་སོགས་སྒྲིག་བཀོད་ཆ་ཚང་ཡོད་པ་དང་། ཁང་པ་མཛེས་སྡུག་ལྡན་པ་དང་ཁོར་ཡུག་གཙང་བཟོ་བྱུང་། དེ་སྔའི་བྱེ་མའི་ས་ཆ་དག་གཙང་གི་སྒོ་རར་གྱུར་ནས་ཁྱིམ་ཚང་ཚང་མས་གསང་སྤྱོད་སྤྱོད་ཐུབ་ཡོད་པས་འཚོ་བ་དེ་བས་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད། ང་ཚོས་ད་དུང་བ་རྒྱ་སྡེ་བའི་དུད་ཚང14ཡི་མང་ཚོགས56རྣམ་གྲངས་ཀྱི་ཁོངས་སུ་བཅུག་ནས་ཚང་མར་ཕན་ཁེ་ཐོབ་པས་སྡེ་མི་ཚོས་དགའ་བའི་ཐལ་མོ་རྡེབ་བཞིན་ཡོད།

ངས་སྡེ་མིའི་སྒོར་ཁུག་སྦོས་པ་དངོས་སུ་མཐོང་། སྡེ་བའི་ས་ཞིང་མང་ཆེ་བ་གཞན་ལ་བསྐོར་ཞིང་། ཆེད་དུ་ཙོང་རིལ་བཏབ་ནས་མངགས་ཉོ་ལྟར་འདེབས་འཛུགས་བྱས་ནས་སྡེ་མིར་ཡོང་འབབ་རག་པ་དང་ཆབས་ཅིག་ངལ་རྩོལ་ནུས་ཤུགས་ཀྱང་བཅིངས་འགྲོལ་བཏང་། སྡེ་བ་ཡོངས་ཀྱི་ངལ་རྩོལ་པ126ཡོད་པའི་ནང་ནས་མི84ཕྱིར་ལས་ཀར་སྐྱོད་པ་དང་མི42ས་གནས་དེ་གར་ལས་ཞུགས་བྱེད་བཞིན་ཡོད།

2022ལོར། ང་དང་མཐུན་སྒྲིལ་སྡེ་བའི་ཕྱུག་འགྱུར་སྣེ་ཁྲིད་པ་དང་མཉམ་དུ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་བཙུགས་ནས། གཞོན་ནུ་དང་དར་མའི་ངལ་རྩོལ་པ་བཅུ་གྲངས་ཀྱི་ལས་ཞུགས་ཐག་གཅོད་བྱས། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས། ཀུང་སིས་རྒུད་གསབ་ལས་སྤྲོད་ཀྱི་བྱེད་ཐབས་སྤྱད་དེ་སྡེ་མི་རྣམས་སྒོ་རྩར་ལས་ཀར་ཞུགས་ཐུབ་པ་བྱས།2024ལོར་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར17800ཟིན་ལ། དེ་ལོ་གོང་མ་ལས་སྒོར3300འཕར།

ཚང་མས་སྒོར་མོ་བཙལ་ཐུབ་པ་མཐོང་ན།ངའི་སེམས་སུ་དེ་ལས་ལྷག་པའི་དགའ་བ་མེད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་སྐབས། ངས་གྱང་ངོས་ཀྱི་ཇུས་འགོད་དཔེ་རིས་བྲིས་པ་དང་གྱང་ངོས་སུ་པད་མ་སོགས་སྲོལ་རྒྱུན་གྱི་འབུར་བརྐོས་བརྒྱབ་པ་མ་ཟད།ད་དུང་འཚོལ་བསྡུ་བྱས་པའི་བརྙན་འཕྲིན་རྙིང་པ་དང་།སྒྲ་སྡུད་འཕྲུལ་འཁོར།ཆུ་ཚོད་རྙིང་པ་བཅས་རིག་གནས་གྱང་ངོས་སུ་བཀལ་ནས་སྡེ་བར་སྲོལ་རྒྱུན་གྱི་མཛེས་སྣང་ཡོད་ལ་འཚོ་བའི་ཉམས་འགྱུར་ཡང་ལྡན་པར་བྱས་ཡོད། ད་ལོ་སྒོ་ར་གསར་དུ་བསྐྲུན་པས་དགུན་དུས་སུ་ཉི་མར་ལྡེ་ཆོག་ཅིང་། མེ་ཏོག་དང་གསང་སྤྱོད་ཀྱི་སྒྲིག་བཀོད་ཆ་ཚང་ལ། །མཛེས་བཟོ་བྱས་པའི་ཁང་པའི་སྒེའུ་ཁུང་གསལ་པོ་ཡོད་པ་བཅས་ཀྱི་ད་ལྟའི་འཚོ་བའི་བདེ་སྐྱིད་འདི་སྔོན་ཆད་ཡིད་ལའང་དྲན་མི་ཕོད།

ངའི་ཨ་ཕ་ཀྲའོ་ཀུང་པའོ་ཡིས་རྒྱུན་དུ་བཤད་རྒྱུར།“ད་ལྟའི་འཚོ་བ་ཇི་འདྲ་བཟང་གི ཆུ་དང་གློག་ཡོད། ཕྱི་རུ་བུད་ན་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་ཡིན་ལ། ཁོར་ཡུག་ཀྱང་ཧ་ཅང་གཙང”ཟེར། ལོ་ལྔ་པོ་དེར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།འདམ་རྫབ་ཀྱི་ལམ་ཕྲན་ནས་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་བར་དང་།ས་ཕག་ཁང་པ་ནས་སྒོ་རའི་ནང་། སྡེ་མི་ཚོའི་སེམས་ཁྲལ་ནས་འཛུམ་མདངས་འཕྱུར་བའི་བར། བདེ་སྐྱིད་སྡེ་བའི་འགྱུར་ལྡོག་ཚང་མ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ་སྡེ་མི་ཚོའི་ཐུན་མོང་གི་འབད་བརྩོན་དང་དེ་བས་ཁ་འབྲལ་ཐབས་མེད་པ་ཞིག་རེད།

“བདེ་སྐྱིད་སྡེ་བས་ང་དང་ལེན་བྱས་པ་དང་།རྨ་འགག་ཆུས་ང་གསོ་སྐྱོང་བྱས་པས། མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མ་ཡིན་ཏེ། སྡེ་མི་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་ཐུབ་ན་ད་གཟོད་འཇོན་ཐང་ངོ་མ་ཞིག་རེད”།ད་ལོ་ང་ཚོའི་སྡེ་བར་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཞིག་ཡོང་བ་དང་ཁོང་གི་མིང་ལ་ཧྲེ་ཏུང་ཟེར། བསམ་ཕྱོགས་ཡོད་ལ་ངར་ཤུགས་ཀྱང་ཆེན་པོ་ཡོད།ད་ཆ་ང་ཚོའི་སྡེ་བའི་ཏང་ཡོན14ཡི་ནང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན4ཡོད་ཅིང་། རྒྱ་རིགས་ཏང་ཡོན་དང་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་སྒྲིལ་ཡོད། འབྱུང་འགྱུར་ང་ཚོས་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བདེ་སྐྱིད་སྡེ་བའི་བདེ་སྐྱིད་ལམ་བུ་ཇེ་ཡངས་སུ་བཏང་ནས་སྡེ་མི་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བ་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།