ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་སྦྱོར་བཏང་ནས་ལུགས་གསར་རྙིང་ལོ་སར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ལ་འཚམས་འདྲིར་འགྲོ་བའི་བྱེད་སྒོ་སྤེལ་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་སྦྱོར་བཏང་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལུགས་གསར་རྙིང་ལོ་སར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ལ་འཚམས་འདྲིར་འགྲོ་བའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱེད་པ་དང་། སྔར་ལས་ལེགས་པའི་སྒོ་ནས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱེད་པར་བསྔགས་སྐུལ་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལས། བརྩེ་སེམས་ལྡན་པའི་ངང་འཚམས་འདྲིར་འགྲོ་བ་དང་། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་ཏང་ཡོན་རྒན་པ་རྣམས་ལ་ཡོངས་ཁྱབ་ཏུ་འཚམས་འདྲིར་འགྲོ་དགོས་ལ། གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས། ལྷག་པར་དུ་ཆ་རྐྱེན་ཞན་ལ་དཀའ་ཚེགས་ཆེ་བའི་ས་ཁུལ་དང་། བྲེལ་དཀའ་ཉེན་ཁ་ཆེ་བའི་ལས་འགན་སྒྲུབ་པའི་ལས་གནས་དང་པོར་ཡོད་པའི་བློ་མཐུན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་། བདུན་གཅིག་གཟེངས་རྟགས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ་བཅས་ཀྱི་འབྲེལ་ཡོད་གཟིགས་སྐྱོང་དོན་འཁྱོལ་དང་འཚམས་འདྲིའི་བྱ་བ་ལེགས་པོར་བསྒྲུབ་དགོས། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་དང་ལས་བྱེད་པའི་ནང་མིར་འཚམས་འདྲིར་འགྲོ་རྒྱུ་དང་། ལྟ་སྐྱོང་རོགས་སྐྱོབ། ཡུན་རིང་རོགས་སྐྱོར་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་འབྲེལ་ཡོད་གཟིགས་སྐྱོང་དང་ཏང་ཡོན་རྒན་པའི་འཚོ་བའི་ཁ་གསབ་དོན་འཁྱོལ་ལེགས་པོར་བྱེད་དགོས་པ་དང་། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་ཞིང་སྡེའི་ཏང་ཡོན་རྒན་པ་དང་ལས་བྲལ་དང་ལས་འཁྱུར་ངལ་གསོའི་གཟིགས་སྐྱོང་ལོངས་སྤྱོད་མ་བྱས་པའི་མཁར་གྲོང་གི་ཏང་ཡོན་རྒན་པར་འཚོ་བའི་ཁ་གསབ་སྤྲོད་རྒྱུའི་བྱ་བ་ཞིབ་ཚགས་ངང་ལེགས་པོར་བསྒྲུབ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་རྣམས་ཀྱིས་དགའ་སྤྲོ་དང་། བདེ་འཇགས། ཞི་མཐུན་ངང་དུས་ཆེན་རོལ་ཐུབ་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།