ཟླ12པའི་ཚེས23ཉིན། 《མངག་བཅོལ་ནན་མོ་བློ་ལ་བརྟན་པོར་ངེས་ཏེ་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་བྱེད》ཅེས་པའི་དབྱིངས་ཞུགས་རྣམ་པའི་བརྗོད་དོན་གཙོ་བོའི་སྒྲོག་བཤད་བྱེད་སྒོ་ཐོག་མ་དེ་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་འཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་འགོ་ཁྲིད་པ་བྱེད་སྒོར་ཞུགས་པར་མ་ཟད་གསར་གཏོད་གཙོ་བོའི་ཚོགས་པར་འཚམས་འདྲི་བྱས། ཚང་མས་གསོན་ཉམས་ལྡན་པའི་གཏམ་རྒྱུད་མུ་མཐུད་དུ་སྔོག་འདོན་དང་འཁྲབ་སྟོན་གྱི་རྣམ་པ་གསར་གཏོད་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཚོ་སྔོན་གྱི་ལག་ལེན་ལེགས་པོར་བཤད་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་རྒྱུའི་སྐུལ་ལྕག་གནང་།
རྒྱུས་ལོན་པ་ལྟར་ན། ད་ལོ་ནི་ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་བཅོས་བསྒྱུར་བྱེད་འགོ་བརྩམས་ནས་ལོ་བཅུ་འཁོར་བ་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ནས་ལོ་བཅུ་འཁོར་བའང་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་འཛུགས་སྐྲུན་ལས་བླངས་པའི་ཕན་འབྲས་ཕྱོགས་ཡོངས་དང་རྣམ་པ་མང་པོའི་ཐོག་ནས་དྲིལ་སྒྲོག་ལེགས་པོ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རབ་མཛེས་རང་བྱུང་ཡུལ་ལྗོངས་དང་། སྐྱེ་དངོས་སྣ་མང་རང་བཞིན་དང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིག་གནས་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་མངོན་པར་བྱེད་ཆེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་རང་བྱུང་སློབ་གསོ་དྲིལ་སྒྲོག་རིག་གནས་ཟོང་རྟགས་བསྐྲུན་ཏེ། 《མངག་བཅོལ་ནན་མོ་བློ་ལ་བརྟན་པོར་ངེས་ཏེ་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་བྱེད》ཅེས་པའི་དབྱིངས་ཞུགས་རྣམ་པའི་བརྗོད་དོན་གཙོ་བོའི་སྒྲོག་བཤད་བྱས། སྒྲོག་བཤད་དེ“འབྱུང་ཡུལ་གྱི་བླ་སྲོག”དང“ཚེ་སྲོག་བརྟན་སྲུང”“དད་སེམས་རྟག་བརྟན”“ཤི་གསོན་མྱུར་སྐྱོབ”“འཆམ་མཐུན་མཉམ་གནས”ཞེས་པའི་ལེའུ་ལྔ་ལ་དགར་ཡོད། “སྙན་ཞུ་དང་རིག་རྩལ། རིགས་པའི་གཞུང་ལུགས་བཅས་མཉམ་འབྲེལ”གྱི་རྣམ་པའི་ཐོག་ནས་གཏམ་རྒྱུད་ཆུང་བས་རིགས་པའི་གཞུང་ལུགས་ཆེན་པོ་སྒྲུབ་པ་དང་རིམ་པ་བཞིན་རིམ་འཕེལ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་ལོ་རྒྱུས་ཀྱི་དོན་སྙིང་། ལག་ལེན་གལ་ཆེན་དང་ཕན་འབྲས་བླངས་པ་བཅས་ཐད་མཐོང་དང་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད། སྒྲོག་བཤད་པ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་གླིང་ཁུལ་སོ་སོའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དོ་དམ་ཁྲུའུ་ཡི་གཞི་རིམ་ཡུལ་དངོས་ལས་བྱེད་པ་དང་ལས་བཟོ་བ། ཨ་ཆེན་གངས་རྒྱབ་རི་སྐོར་རུ་མི། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ། རོང་འབྲོག་པའི་རང་བྱུང་སློབ་གསོའི་འཆད་ཁྲིད་དགེ་རྒན་བཅས་ཡིན།
ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ཏ་ནན་དང་། ཀྲུའུ་ཞང་ཧྥེང་། དབྱང་ཧྥེང་ཁྲུན། ལིའུ་ཐའོ། ལི་ཞའོ་ནན་བཅས་བྱེད་སྒོར་ཞུགས།