ལུའོ་ཏུང་ཁྲོན་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས།     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།     ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་དང་སྤུས་འདེགས་ཕན་སྐྱེད་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་བསྐྱེད་པ།     ལོ་མཇུག་དང་ལོ་འགོར་བདེ་འཇགས་ཐོན་སྐྱེད་བྱ་བ་ཏན་ཏིག་ངང་ལེགས་སྒྲུབ་བྱེད་པ་དང་།    “ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྒྲིལ་བར་ཁག་ཐེག་བྱས་ཏེ།    “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པ་དང་གོམ་སྟབས་ལེགས་པོ་སྤོ་བར་རྨང་གཞི་བརྟན་པོ་འདིང་དགོས་པ་ནན་གྱིས་བསྟན།

ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་རུ་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་དངོས་ཟོག་སྐྱེལ་འདྲེན་དང་ལམ་དྲའི་བཀོད་གཏོང་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས། ཁོས་མང་ཚོགས་བདེ་འཇགས་སྟབས་བདེའི་ངང་འགྲོ་སྐྱོད་དང་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་གེགས་མེད་ཡོང་བར་འགན་སྲུང་བྱེད་པ་དང་།     ཁེ་ལས་ཀྱི་ཟོང་འགྲུལ་མ་རྩ་ཇེ་དམའ་རུ་གཏོང་རྒྱུར་རོགས་རམ་བྱེད་པ།  ལམ་དྲ་ལྟེ་བའི་གྲངས་རིག་ཅན་འཛུགས་སྐྲུན་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་།     རྒྱལ་ཁབ་ཀྱི་འཐབ་ཇུས་བཟོ་སྐྲུན་གལ་ཆེན་ལ་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ཐད་ཧུར་ཐག་གིས་བྱས་རྗེས་བཞག་སྟེ།     སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་ལྕགས་ལམ་ལེགས་སྐྲུན་བྱས་ཏེ།     མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།

ཟི་ལིང་སྒོ་གཅན་ལས་ཁུངས་སུ་སླེབས་སྐབས་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་འཁོར་སྐྱོད་དང་རིག་ནུས་སྒོ་གཅན་ལྟ་སྐུལ་དོ་དམ་སྡེ་ཁག་འཛུགས་སྐྲུན་གྱི་ངོ་སྤྲོད་ལ་ནན་ཏན་གྱིས་ཉན་རྗེས།    མཚོ་སྔོན་གྱི“རྒྱུད་གཅིག་ལམ་གཅིག”གི་སྦྲེལ་ཚིགས་གལ་ཆེན་དང་ནུབ་ཕྱོགས་ལ་སྒོ་མོ་ཕྱེ་བའི་མདུན་གྲལ་དགེ་མཚན་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། རིག་ནུས་སྒོ་གཅན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། སྒོ་གཅན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།     མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་ཚོང་ར་རྒྱ་སྐྱེད་དང་།   ཚོང་ཟོག་མངག་ཐོ་བརྟན་བརླིང་དུ་གཏོང་བ། ཕན་འབྲས་ཆེ་རུ་བསྐྱེད་པ་བཅས་ལ་རོགས་རམ་བྱས་ཏེ།     མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་དེ་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་དངོས་སུ་བསྒྱུར་ནས། མཚོ་སྔོན་གྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན།

ཀྲུང་གོ་འབྲེལ་འཕྲིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་གཞི་གྲངས་ཆེན་པོའི་རྟེན་གཞི་རུ་ལུའོ་ཏུང་ཁྲོན་གྱིས་རྩིས་གློག་མཐུན་སྦྱོར་དང་རྩིས་ནུས་ཐོན་ལས།   གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས།     ཁོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་གཏིང་ཟབ་ལ་ཤུགས་སྣོན་པ་དང་།     ལྗང་གློག་ཐད་སྦྲེལ་རྩིས་ནུས་ལྟེ་གནས་ཀྱི་འཕེལ་རྒྱས་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རྩིས་ནུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།     དེ་ལས་མང་བའི་སྤུས་ལེགས་ཁེ་ལས་ནང་འགུག་དང་ལས་གཞི་དོན་འཁྱོལ་བྱས་ནས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཅན་དང་བསྡུས་གཉེར་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་མགྱོགས་མྱུར་ངང་བསྐྲུན་རྒྱུར་སྒུལ་ཤུགས་ཆེན་པོ་སྩོལ་དགོས་པ་ནན་གྱིས་བསྟན།

མཚོ་སྔོན་ཐའེ་ཧྥེང་སྔོན་སྐྱོད་ལིས་ནུས་ཚན་རྩལ་ཚད་ཡོད་ཀུང་སི་རུ་སླེབས་སྐབས་ལུའོ་ཏུང་ཁྲོན་གྱིས་ཁེ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཐོན་སྐྱེད་འཁོར་གཉེར། ཚན་རྩལ་ཞིབ་འཇུག་གསར་སྤེལ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་།     ཁེ་ལས་ཀྱིས་ལིས་གློག་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལྟར།  ཤེས་ལྡན་མི་སྣའི་གཅིག་བསྡུས་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ།     གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་ཏན་ཏིག་གིས་ཆེ་རུ་བསྐྱེད་པ་དང་།    ལས་རིགས་ལ་སྣེ་ཁྲིད་པའི“གློག་སྒྲོན་བཟོ་གྲྭ”འབད་པས་འཛུགས་སྐྲུན་བྱེད་པ། ལིས་གློག་ཐོན་ལས་མུ་ཕྲེང་གི་བརྟན་བརླིང་རང་བཞིན་དང་འགྲན་རྩོད་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ།  ཐོན་ལས་མུ་ཕྲེང་གི་སྣེ་འདྲེན་ཁེ་ལས་བསྐྲུན་དགོས་པའི་སྐུལ་ལྕག་བྱས།     འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན།     རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བསྐྲུན་ནས། ཉེ་གཙང་གི་སྲིད་ཚོང་འབྲེལ་བ་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་ནུས་པ་སྩོལ་དགོས་པའི་བླང་བྱ་བཏོན།

ཀྲང་ཅིན་ཀང་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།