གློག་བརྙན《བཀྲ་ཤིས》སང་ལོའི་ཟླ1ཚེས6ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

2026ལོའི་ཟླ1ཚེས6ཉིན་གློག་བརྙན《བཀྲ་ཤིས》ཞེས་པ་རྒྱལ་ཡོངས་སུ་སྟོན་འཆར་ཡོད།  གློག་བརྙན་ནང་དུ་བོད་ཁུལ་གྱི་མཛེས་སྡུག་དང་བྱིས་དུས་ཀྱི་འགལ་འདུ།  མི་སེམས་ཀྱི་འོད་སྣང་གཅིག་ཏུ་བསྡུས་ཡོད་པས། གློག་བརྙན་སྒྱུ་རྩལ་ལ་དགའ་ཞེན་ཆེ་ཞིང་། བྱིས་པའི་བརྗོད་གཞི་ལ་དོ་ཁུར་ཡོད་མཁན་རྣམས་དང་། དེ་མིན་འཁྲབ་ཁྲིད་པ་རྒན་པདྨ་ཚེ་བརྟན་མཆོག་རྗེས་སུ་དྲན་མཁན་རྣམས་ཀྱིས་ལྟ་རིན་ཡོད་པའི་གློག་བརྙན་ཞིག་ཡིན།  

ཟླ་འོད་དང་རྩྭ་ཐང་གི་འདྲེས་མཚམས་སུ་གོ་ལོག་ཐེབས་པའི་དོན་དག་ཁ་ཤས་ནི་གྲིབ་མ་བཞིན་དུ་འདོར་ཐུབ་མེད་ལ།  དོན་དངོས་ཀྱི་ངོ་གདོང་ཁ་ཤས་ཤིག་ནི་དགུན་གྱི་ཉི་འོད་བཞིན་མི་སེམས་ལ་དྲོད་ཁོལ་སྦྱིན་ངེས། 《བཀྲ་ཤིས》ནི་ཏག་ཏག་དགེ་སེམས་དང་། གནོང་འགྱོད།  ཞི་མཐུན་བཅས་ཡིད་འགྱུ་མཚོན་པའི་གློག་བརྙན་ཡིད་དུ་འོང་བ་ཞིག་སྟེ།  དྭངས་གསལ་གྱི་བརྙན་མིག་བརྒྱུད་དེ་བོད་ཀྱི་ན་གཞོན་ཞིག་གི་ནང་སེམས་ཀྱི་འགུལ་འདུ་སྣ་ཚོགས་མངོན།  དེ་ནི་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་ཆེན་མོ་རྒན་པདྨ་ཚེ་བརྟན་ལགས་ནས་ལྟ་སྐུལ་སྒྲིག་བཟོ་ཡི་འགན་འཁུར་བ་དང་། བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་རང་རྩོམ་རང་ཁྲིད་བྱས་པ།   སུའུ་མིང་ཆིང་གིས་སྒྲིག་བཟོའི་འགན་འཁུར་བའི་གློག་བརྙན་ཞིག་ཡིན། གློག་བརྙན་དེའི་ནང་རྩོམ་པ་པོ་བཀྲ་ཤིས་ཀྱིས་རང་ཉིད་བྱིས་པ་ཡིན་དུས་སུ་གནོད་འགྱོད་ཆེན་པོ་སྐྱེས་དགོས་པའི་གསང་བ་ཞིག་སེམས་སུ་མདུད་པ་བཞིན་ལོ་དུ་མའི་རིང་ལ་གྲོལ་མ་ཐུབ་པ་དང་། ལོ་དུ་མའི་རྗེས་སུ་ཁོ་རང་ཕ་ཡུལ་དུ་ལོག་ཐེངས་ཤིག་ལ་ད་གཟོད་དོན་དག་གི་ངོ་གདོང་གསལ་བོར་རྟོགས་པའི་གོ་རིམ་བརྗོད་ཡོད།

《བཀྲ་ཤིས》ཞེས་པའི་གློག་བརྙན་འདི་ཕབ་སྐྲུན་ཚར་རྗེས་ཀུན་ཀྱིས་དོ་སྣང་ཆེན་པོ་ཐོབ།    ལྷག་པར་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་དུས་ཆེན་སྟེང་དུ་གློག་བརྙན་འདིའི་སྒྱུ་རྩལ་གྱི་མཚོན་སྟངས་ལ་གདེང་འཇོག་དང་ཁས་ལེན་ཆེན་པོ་ཐོབ།   FIRSTན་གཞོན་གློག་བརྙན་འགྲེམ་སྟོན་སྐབས18པའི་གཙོ་འགྲན་ཚན་པར་ཚུད་དེ་བྱུང་རིམ་མཆོག་ཏུ་གྱུར་བའི་གློག་བརྙན་རིང་གྲས་དང་།  ཆེས་མཆོག་ཏུ་གྱུར་བའི་འཁྲབ་ཁྲིད་པ།  ཆེས་མཆོག་ཏུ་གྱུར་བའི་འཁྲབ་གཞུང་རྩོམ་མཁན་ལ་སོགས་ཀྱི་རྣམ་གྲངས7ཡི་མཚན་སྙན་བསྒྲོན་པ་དང་ཆབས་ཅིག   ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་རྟགས་མ་སྐབས38པའི་སྟེང་ཆེས་མཆོག་ཏུ་གྱུར་པའི་བྱིས་པའི་གློག་བརྙན་དང་། ཆེས་མཆོག་ཏུ་གྱུར་བའི་འཁྲབ་སྟོན་པའི་བརྩམས་ཆོས་ཐོག་མ་ཡི་མཚན་སྙན་ཐོབ་པ་དང་།  ཧྭ་ཧྲ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས40བའི་གཙོ་འགྲན་ཚན་པར་བདམས་པ་དང་ཆབས་ཅིག མཆོག་ཏུ་གྱུར་བའི་འཁྲབ་ཁྲིད་པ་དང་། མཆོག་ཏུ་གྱུར་བའི་འཁྲབ་གཞུང་རྩོམ་སྒྲིག་པ།  མཆོག་ཏུ་གྱུར་བའི་གློག་བརྙན་བཅས་གསུམ་གྱི་མཚན་སྙན་ཐོབ།  པ་ཞིའི་ཧྲེན་པའོ་ལའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཙོ་འགྲན་ཚན་པ་ལས“རྒྱལ་སྤྱིའི་མཐོང་སྣེ”ཡི་ཚན་པར་བདམས་སོ། །   གསོལ་རས་དེ་དག་ནི་གློག་བརྙན་དེའི་སྒྱུ་རྩལ་མཚོན་ཐབས་ཀྱི་ཆུ་ཚད་གཟེངས་སུ་ཐོན་པའི་དན་རྟགས་ཙམ་དུ་མ་ཟད།   གློག་བརྙན་ལས་ས་ཁོངས་དང་རིག་གནས་བརྒལ་བའི་འགོག་མེད་ཀྱི་བརྩེ་ཞེན་དྲག་པོའི་མཉམ་སྣང་ཞིག་མཚོན་ཡོད་པའི་དན་རྟགས་ཤིག་ཀྱང་རེད།   འདི་ལྟར་རེ་ལྟོས་ཆེན་པོས་ཁེངས་པའི་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་མཆོག་ཏུ་གྱུར་བ་འདི་མི་འགྱང་བར་ང་ཚོའི་མིག་གི་དགའ་སྟོན་དུ་སྤེལ་འཆར་ཡོད།  

《བཀྲ་ཤིས》ཀྱི་བསྟན་བྱའི་སྙིང་བོ་ནི་མི་སྣ་གཙོ་བོ་བཀྲ་ཤིས་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ།   ཁོ་ལ་གནོང་འགྱོད་བྱུང་བ་ནས་གོ་ལོག་ཐེབས་པ། མཐར་ཞི་མཐུན་གྱི་བདེན་ཁ་ཐོབ་པའི་ནང་སེམས་ཀྱི་འགྱུར་བ་བརྗོད་ཡོད་ཅིང་།  དེ་ལྟ་བུའི་ནང་སེམས་ཀྱི་འགལ་འདུ་དྲག་པོ་ཁོད་ཡངས་ལ་ལྟ་ན་སྡུག་པའི་སྣོད་བཅུད་ཀྱི་ཁོར་ཡུག་མཛེས་པའི་བོད་ཀྱི་ས་ཁུལ་གཞི་བྱས་ཡོད་པས།  མི་སྣའི་སེམས་ཁམས་ཀྱི་ཚོས་གཞིའམ་ཕྱི་ཤུན་ལྟ་བུར་དྲངས་ཡོད། གློག་བརྙན་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དང་། ཟི་ལིང་གྲོང་ཁྱེར་སོགས་སུ་བརྙན་ཕབ་པ་དང་། ཡངས་པའི་རྩྭ་ཐང་དང་དབེན་འཇགས་ཀྱི་ཟླ་འོད།  ཕྱི་དྲོའི་དུས་གསེང་གི་ལྷིང་འཇགས།   བྱིས་པ་རྣམས་རྩེད་རྒྱུག་བྱེད་པའི་གཟུགས་བརྙན་བཅས་བརྒྱུད་དེ་སྙན་ངག་གི་དྲོ་བ་ནེམ་པའི་མཛེས་དཔྱོད་ཀྱི་བར་སྟོང་ཞིག་བསྐྲུན་ཡོད་པ་ལྟ་ན་སྡུག་ཅིང་ཡིད་གར་འོང་བས་གློག་བརྙན་གྱི་དུང་བ་ཟབ་མོ་བརྗོད་པའི་མཐོང་སྣེ་ཡི་རྟེན་ལྟ་བུར་གྱུར་བ་དང་། བྱིས་པ་ཆུང་ཆུང་བཀྲ་ཤིས་ཀྱི་ནང་སེམས་ཀྱི་ལྷད་མེད་དང་རྙོག་འཛིང་ཕྱི་ཚུལ་དུ་བསྒྱུར་ཡོད་པས།  གཏམ་རྒྱུད་ཧྲིལ་བོའི་བརྗོད་དོན་ཇེ་ཟབ་ཏུ་བཏང་ཡོད།  

མཉེན་པ་བལ་འདྲ་བ། དྭངས་བ་ཤེལ་འདྲ་བའི་བྱིས་དུས་ནི་དགེ་སྡུག་ལྷད་མེད་སྦ་གསང་མེད་པར་མངོན་པའི་ན་ཚོད་ཡིན་པས། 《བཀྲ་ཤིས》ཞེས་གློག་བརྙན་ནང་དུ་ཆེས་སེམས་འགུལ་ཐེབས་པའི་བྱུང་རིམ་དེ་ནི་བཀྲ་ཤིས་ཀྱིས་དུས་ཀྱི་བར་སྟོང་བརྒལ་བའི་ཁྲོད་ནས་སྡུག་བསྔལ་ནུར་མར་མྱངས་པའི་ཚུལ་རེད།   བྱིས་པ་ཞིག་གི་ཕུང་བོ་ཆུང་ཆུང་དེར་དོན་བརྗོད་བར་སྟོང་ཁྲོད་ཀྱི་ནང་དོན་མང་པོ་ཞིག་གདོས་ཡོད་པས།  ཚམ་ཚོམ་དང་རབ་རུབ་ཀྱི་བཞིན་རས་ལས་ཁོ་བོའི་ན་ཚོད་ཀྱི་ཤེས་པ་ཕྲ་མོས་ཟིན་དཀའ་བའི་ཡིད་འགྱུར་དང་ཕ་རོལ་ཉམས་མྱོང་ཅན་གྱིས་བལྟས་ན་ཧ་ཅང་གསལ་བའི་འུ་ཐུག་ཐབས་ཟད་ཀྱི་གནས་ལུགས་ཤིག་མཚོན་ཡོད་ལ། དེ་ནི་དགེ་སེམས་དང་ཧོལ་རྒྱུག་བར་གྱི་འགལ་འདུ་དང་།  ཚུལ་མཐུན་ཀུན་མཐུན་དང་ཁ་ལོག་སྤྱོད་ལོག་གི་གདོང་ཐུག      བྱིས་པའི་མཚར་སྣང་ཆེན་པོ་དང་ཕོག་ཐུག་བཟོ་མི་རུང་བའི་རང་བརྩི་དང་རེ་སྙེག  མཆོད་མེའི་འོད་མདངས་ཁྲོད་མེ་ཆའི་མེ་མགོ་བསད་དེ་རང་དབང་མེད་པར་ལས་བྱ་འབྲི་དེབ་ཀྱི་གམ་དུ་བཅར་བ། ཡང་ན་རྟོགས་དཀའ་པའི་དར་མའི་འཇིག་རྟེན་ལ་འཚོལ་ཞིབ་དང་རྒྱང་ལྟ་བྱེད་པ་སོགས་ཅི་རིགས་ཡིན་ཡང་སྲིད། བྱིས་པ་ཞིག་གི་ངོས་ནས་བོད་ཁུལ་འཕེལ་འགྱུར་གྱི་དུས་དེར། ཁོས་མི་སེམས་དང་།  ལྟ་བ།  དད་མོས་ཀྱི་སྣང་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་མཐོང་བ་དང་ཆབས་ཅིག  འཚར་ལོངས་ཀྱི་ལོ་ཟླའི་ཁྲོད་མངར་སྐྱུར་འདྲེས་མའི་སྐྱིད་སྡུག་སྣ་ཚོགས་ཤིག་ཀྱང་ཉམས་སུ་མྱངས། དེ་ལྟ་བུའི་ལོ་ཆུང་བྱིས་པ་ཞིག་གི་སེམས་ཁམས་ཀྱིས་གཟིགས་མོ་བ་རྣམས་ལ་ས་ཁོངས་དང་མི་རིགས་བརྒལ་བའི་མྱོང་སྣང་དང་མཉམ་སྣང་ཞིག་ཅིས་ཀྱང་བསྐྱེད་ངེས་སྙམ།

ནང་དོན་ཕུན་སུམ་ཚོགས་པའི་གློག་བརྙན་ཞིག་ཡིན་པའི་ཆ་ནས《བཀྲ་ཤིས》ཀྱིས་མི་སྣ་བཀྲ་ཤིས་ཁོ་ནའི་འཚར་ལོངས་ཀྱི་བརྒྱུད་རིམ་བརྗོད་པ་མ་ཡིན་པར།  གློག་བརྙན་གྱི་གྲུབ་ཆ་འདི་དྲངས་ནས་དུས་རབས་ཀྱི་འཕེལ་འགྱུར་དང་།  གསར་རྙིང་བརྗེ་རེས་སྐོར་གྱི་བསམ་གཞིགས་ཟབ་མོ་ཞིག་བསྟན་ཡོད།  དེ་ཡང་སྲོལ་རྒྱུན་དང་དེང་རབས་ཀྱི་གདོང་ཐུག་ནི་སོ་སོའི་སྤྱི་ཚོགས་ཀྱིས་གཡོལ་དུ་མེད་པའི་གླེང་གཞི་ཞིག་ཡིན་ན་ཡང་། གློག་བརྙན་གྱིས་ཐུན་མོང་མ་ཡིན་པའི་མཚོན་ཐབས་ཀྱི་ལམ་ནས་རང་ཉིད་ཀྱི་གདབ་འདོད་པའི་དྲི་བར་ལན་བཏབས་ཡོད། བྱིས་དུས་ཀྱི་བཀྲ་ཤིས་བོད་སྐད་ཀྱི་ལོ་ཙཱ་ཙམ་ཡང་མེད་པའི་རྒྱ་སྐད་ཁོ་ནའི་བརྙན་སྟོན་ཁང་གིས་ཡིད་དབང་བཀུགས་ན་ཡང་། ལོ་དུ་མའི་རྗེས་སུ།  ཁོས་ད་དུང་བྱིས་དུས་སུ་གོ་ལོག་ཐེབས་པའི་ན་ཟུག་གཟོད་དཀའ་བ་སེམས་སུ་ཉར་ཡོད། འཇིག་རྟེན་ལ་འགྱུར་ལྡོག་ག་ཚད་བྱུང་ཡང་། སྲོལ་རྒྱུན་ལས་སེམས་པ་རྣམ་པར་དག་ཅིང་ལྷད་ཀྱིས་མ་གོས་པ་རྣམས་སྔར་བཞིན་སོར་ཉར་བྱས་ཡོད། དེ་ནི་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་མཆོག་གིས་བཞག་པའི་སྒྱུ་རྩལ་གྱི་བླ་སྲོག་ཡིན་ལ། གློག་བརྙན་འདིའི་བྱུང་རིམ་དུའང་བྲག་ཆ་བཞིན་འཁོར་ཡོད།     ནམ་ཡང་རྗེས་སུ་དྲན་པའི་གློག་བརྙན་པ་ཁོང་གི་དགོངས་གཞི་ལ་སློབ་སྦྱོང་དང་རྒྱུན་འཛིན་གསར་བརྗེ་བྱེད་མཁན་ཞིག་ཡིན་པའི་ཆ་ནས《བཀྲ་ཤིས》ཀྱིས་མཚོན་པའི་བོད་ཁུལ་གྱི་རླབས་རྒྱུན་གསར་བས་གནས་འདིའི་ངོ་མཚར་བའི་ས་གཞི་དང་མི་སེམས་འགུལ་བའི་གཏམ་རྒྱུད་སྐོར་འབྲི་བའི་མུ་རྒྱུན་རིང་དུ་བསྐྱང་བར་ཡིད་ཆེས་ཡོད་དོ། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།