
བཏུལ་ཐང་གི་མཐའ་མཚམས་ཀྱི་ས་གྲུ་བཞི་ཞང་ནི་མཚོ་སྔོན་ཞིང་ཆེན་གུང་ཧོ་གཞོང་སའི་ཆེས་སྤྱིར་བཏང་གི་སྡེ་བ་ཞིག་ཡིན། དུས་རབས20པའི་ལོ་རབས70པར། ཞིང་ནགས་ཆེད་མཁས་པས་ས་གྲུ་བཞི་རྟེན་གཞིར་བྱས་ནས་བཏུལ་ཐང་གི་བྱེ་འགོག་བྱེ་བཅོས་ཀྱི་བཞུད་ལམ་རིང་མོ་ཞིག་གི་མགོ་བརྩམས་ཤིང་། བྱེ་ཐང་ལྗང་སྒྱུར་གྱི་ངོ་མཚར་བའི་གཏམ་རྒྱུད་ཅིག་གནས་འདི་ནས་མུ་མཐུད་དུ་བྲིས།
བཏུལ་ཐང་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། མཚོ་སྔོན་པོ་དང་བར་ཐག་སྤྱི་ལེ60ཙམ་ཡོད། དུས་རབས20པའི་ལོ་རབས་དྲུག་ཅུ་དང་བདུན་ཅུ་བར་རྨ་ཆུའི་སྟོད་རྒྱུད་ཀྱི་བྱེ་རླུང་གི་གནོད་འཚེ་ཆེས་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན། ལོ་རེར་ཟླ་བ་གཉིས་ཙམ་གྱི་དུས་ཡུན་ནང་རིམ་པ8ཡན་གྱི་རླུང་ཆེན་ལྡང་བ་དང་། རླུང་གིས་བྱེ་མ་དེད་ནས་ལོ་རེར་སྨི་བཅུ་ལྷག་གི་འགྲོས་ཚད་ཀྱིས་ས་ཞིང་དང་རྩྭ་ཐང་ཁྱུར་མིད་བྱེད་བཞིན་ཡོད།
ནགས་རྩྭ་སྡེ་ཁག་ནས་ལས་འཁྱུར་ངལ་གསོ་བྱས་པའི་རྒན་པ་ཞིག་གིས་སྐབས་དེ་དུས་མི་རྣམས་ཀྱི་མིག་ནང་དུ་བཏུལ་ཐང་ནི་མྱ་ངམ་ཐང་དང་ཉེན་ཁ་ཆེ་བའི་ཚབ་མིང་ཞིག་ཡིན་ཞེས་བཤད། ས་ཆ་དེར་མཚོ་འཕགས་སྨི3000ཙམ་ཡོད་ཅིང་། གྲང་ངར་དང་ཐན་པ་ཆེ་ལ་སྔོ་ཁེབས་ཐར་ཐོར་ཡིན་པས། བྱེ་མ་སེར་པོའི་ཁྲོད་དུ་རྩྭ་རྐང་ཐར་ཐོར་ཙམ་ལས་མེད། རླུང་དྲག་པོ་ལྡང་ཚེ་རྡོ་ཡང་འཁུར་པ་དང་། རྩྭ་རྩི་ཤིང་འཚར་སྐྱེ་འབྱུང་བ་དེ་བས་ཀྱང་སྨོས་མེད་རེད། གཞུང་དོན་གྱི་ལས་ཀར་སྐྱོད་སྐབས། མཁོ་སྤྲོད་ས་ཚིགས་མེད་པ་དང་ཞབས་ཕྱི་ཁུལ་ཡང་མེད་པས། གལ་ཏེ་རླངས་འཁོར་ལ་ཆག་སྐྱོན་བྱུང་ཚེ་མཇུག་འབྲས་བསམ་ཡུལ་ལས་འདས་པ་ཞིག་ཡིན།

ད་ལྟའི་བཏུལ་ཐང་ནི་སྣང་ཚུལ་གཞན་ཞིག་ཡིན་ཏེ། འོད་ཤུགས་པང་ལེབ་འོག་ཏུ་ལོ་རེར་སྔོ་རིགས་གསར་བ་སྐྱེ་བཞིན་ཡོད། སྔོ་ལྗང་གི་གསོམ་ཤིང་དང་སྦྱར་སྡོང་གཞུང་ལམ་གྱི་གཞོགས་གཉིས་སུ་ཁེབས་ཡོད། ལུག་གིས་འོད་ཤུགས་པང་ལེབ་འོག་ཏུ་རྩྭ་ཟ་བཞིན་ཡར་ཞོགས་མར་ཞོགས་བྱེད།
ཆུང་དུས་ནས་གནས་འདི་རུ་འཚར་ལོངས་བྱུང་བའི་འབྲོག་པ་གཡུ་རྡོ་ནི་ད་སྐབས་བཏུལ་ཐང་འོད་ཤུགས་གླིང་གི་ལུག་རྫི་ཞིག་ཏུ་གྱུར་ཡོད། “སྔོན་ཆད་ལུག་དེད་ནས་སྤྱི་ལེ་བཅུ་ལྷག་སོང་ན། ད་གཟོད་རྩྭ་ཡོད་སར་ཐོན་ཐུབ།” 2021ལོའི་ཟླ7པར་གཡུ་རྡོ་ཐོག་མར་མཐོང་སྐབས། ཉི་འོད་ཐད་ཀར་ཁོའི་སྨུག་མདོག་གི་གདོང་ལ་འཕྲོས་ཤིང་། བཅོས་མིན་རྣམ་དག་དང་ཅུང་ཟད་འཚབ་པའི་ངང་ཚུལ་གྱིས་ང་ལ་སྐབས་དེར་བཏུལ་ཐང་གི་རླུང་ནི་སྤུ་གྲི་ཞིག་དང་འདྲ་བར་འབྲོག་པའི་རེ་བ་བྲེགས་ནས་འགྲོ་ཞེས་བཤད།
རླུང་གི་རྒྱུ་ཕྱོགས་དེ2012ལོར་འགྱུར་བ་བྱུང་ཡོད། ནུས་རྒྱུ་གསར་བའི་འཆར་འགོད་རླུང་གི་རྒྱུ་ཕྱོགས་དང་འགྲོགས་ནས་བཏུལ་ཐང་དུ་ཐོན་དུས། བཏུལ་ཐང་གི་ཕུན་སུམ་ཚོགས་པའི་འོད་འཕྲོའི་ཐོན་ཁུངས་དེ་ནུས་རྒྱུ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལེགས་ཆ་རུ་གྱུར། དུས་ཡུན་ཐུང་ངུ་ལོ་བཅུ་ཙམ་གྱི་ནང་སྟོང་ཝ་ཁྲི་སྟོང་རིམ་པའི་ཁེ་ལས60ལྷག་རྐང་ཚུགས་པའི་ཉི་ནུས་གློག་འདོན་གླིང་ཁུལ་བཏུལ་ཐང་དུ་བསྐྲུན།

འོད་ཤུགས་པང་ལེབ་ལས་གྲུབ་པའི་དངོས་ལུགས་འགོག་སྲུང་གིས་རླུང་འགྲོས་ཇེ་དལ་དང་ས་ངོས་ཆུའི་རླངས་འགྱུར་ཚད་ཇེ་ཉུང་དུ་བཏང་། གལ་ཏེ་ཁྱེད་རང་དབྱར་ཁར་བཏུལ་ཐང་གི་འོད་ཤུགས་གླིང་ཁུལ་དུ་སོང་ཚེ། འོད་ཤུགས་པང་ལེབ་འོག་གི་ས་རྒྱུ་མང་ཆེ་བ་རྩྭ་ལྗང་གིས་ཁེབས་ཡོད་པ་དང་། རླུང་བུ་འོད་ཤུགས་པང་ལེབ་ཀྱི་བར་གསེབ་ནས་ལྡང་ཚེ། སྔོན་ཆད་ཀྱི་བྱེ་མའི་སྒྲ་མེད་པར་རྩྭ་ལྗང་གི་དྲི་ཞིམ་འཐུལ་ཡོང་།
རྩྭ་ནི་ལོ་རེར་བྱེ་རླུང་གིས་བསླད་སྐྱོན་ཐེབས་པའི་བཏུལ་ཐང་ས་ཆར་མཚོན་ན་བྱེ་ཐང་གི་ཆུ་ལྟར་དུ་རྩ་ཆེ། ཁོར་ཡུག་ཇེ་ལེགས་སུ་སོང་རྗེས། བཏུལ་ཐང་དུ་རྩྭ་སྐྱེས་པ་ཇེ་མཐུག་ནས་ཇེ་མཐུག་ཡིན་ལ། པུས་མོ་ལས་བརྒལ་བའི་རྩྭ་ཡིས་འོད་ཤུགས་པང་ལེབ་སྟེང་དུ་ཉི་འོད་འཕྲོ་བ་བཀག་ནས་གློག་འདོན་པར་ཤུགས་རྐྱེན་ཐེབས་པ་དང་། སྟོན་དུས་དང་དགུན་ཁར་རྩྭ་སྐམ་པོར་ད་དུང་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་སྦས་ཡོད། སྔོན་ཆད་ས་གཞི་སྡུག་པ་དང་ཁོར་ཡུག་ཞན་པའི་དབང་གིས་འབྲོག་པ་མང་བོ་ཕ་ཡུལ་དང་ཁ་བྲལ་མོད། ད་ལྟ་དེ་ལས་ལྡོག་སྟེ་ཕྱིར་ལོག་ནས་ཕྱུགས་འཚོ་བཞིན་ཡོད།
གཡུ་རྡོ་དང་འདྲ་བར་འབྲོག་པ་མང་བོས་སྔོན་ཆད“རྩྭ་ཆུའི་རྗེས་སྙེག་པའི”ཕྱུགས་གསོ་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས“པང་ལེབ་འོག་ཏུ་ལུག་འཚོ་བའི”གྲལ་དུ་ཞུགས་པས་འོད་ཤུགས་གླིང་ཁུལ་དེ་འབྲོག་ས་ལེགས་པོ་ཞིག་ཏུ་གྱུར་ཡོད།
“འོད་ཤུགས་ལུག་གསོས་པར་བརྟེན། ངེད་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི10ཙམ་ཡིན།” གཡུ་རྡོ་ཡིས་རླུང་ནང་དུ་རྩྭ་འཚོལ་བའི་སེམས་ཁྲལ་ནས་པང་ལེབ་འོག་ཏུ་རྩྭ་ཟ་བའི་བག་ཕེབས་བར་དུ་ལུག་ཁྱུ་གསོན་ཚད་ཇེ་མཐོར་སོང་སྟེ་བཏུལ་ཐང་གི་འབྲོག་པའི་འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཡོད་ཅེས་བཤད།
སྔོ་ལྗང་གི་རྩྭ་ཐང་གནམ་མཐའི་མཚམས་སུ་འབྲེལ་ཞིང་། ནོར་ལུག་གི་ཁྱུ་ཚོགས་མཚམས་སྤྲིན་གྱི་འོག་ཏུ་རྒྱུ། ལོ་རེའི་ཟླ6པ་ནས་ཟླ10པའི་བར་བཏུལ་ཐང་མཐའ་འཁོར་གྱི་འབྲོག་པའི་ལུག་ཁྱུ་ཚང་མ་རིན་མེད་ངང་འོད་ཤུགས་གླིང་ཁུལ་དུ་འཚོས་ཆོག ལུག་ཁྱུ་འོད་ཤུགས་པང་ལེབ་འོག་ཏུ་འཚོས་པའི་རིལ་ལུད་དེ་རྩྭ་རའི་རང་བྱུང་ལུད་རྫས་སུ་གྱུར་ཏེ། པང་ལེབ་འོག་གི་སྔོ་ཁེབས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བྱས་ནས་སྐྱེ་ཁམས་འཁོར་རྒྱུག་ལེགས་པོ་ཞིག་ཆགས་ཡོད།

བཏུལ་ཐང་ལ་འགྱུར་བ་བྱུང་སྟེ། རྩྭ་ཐང་དུ་ནོར་ལུག་འཚོ་བའི་ཡུལ་ལྗོངས་སླར་ཡང་གནས་འདིར་མངོན། ད་ལྟ་བཏུལ་ཐང་དུ་འོད་ཤུགས་སྐྱེ་ཁམས་ཕྱུགས་ར32དང་གཅིག་བསྡུས་ཕྱུགས་རྒྱག་ས56བསྐྲུན་པ་དང་། ལོ་རེར་འོད་ཤུགས་ལུག་ཁྲི2ཡན་གསོ་སྤེལ་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང18ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་ཡོད།
བཏུལ་ཐང་དུ་འགྲེང་དུས་གཡང་ཊི་མཐོང་རྒྱུ་མེད་མོད། མིག་གི་མཐོང་ཚད་གཡང་ཊིའི་མདོག་གི་སྔོ་ལྗང་རེད། སྤྱི་ལེ134ཡི་རླུང་འགོག་ནགས་ཚལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་སྣུར་སྲིང་བྱས་ཏེ། བྱེ་བརྟན་སྡོང་བོ་ཁྲི་བརྒྱ་རླུང་གི་ཁྲོད་དུ་རྩ་བ་ཚུགས་ཡོད། ཐང་རྒོད་དུ་གྱུར་པའི་ས་ཞིང་མུའུ་ཁྲི38ལྗང་གླིང་དུ་གྱུར་པ་དང་ཕྱུགས་རྩྭ་ནི་འབྲོག་པའི་ཁུག་མའི་ནང་གི“དགོས་འདོད་གཡང་ཊི”རུ་གྱུར། འོད་ཤུགས་པང་ལེབ་རྩྭ་ཐང་དུ་བཏིང་བ་དེས་ལྗང་གློག་མ་རྐང་གློག་སྐུད་དང་བསྟུན་ནས་རྒྱལ་ཡོངས་ཀྱི་གློག་དྲའི་ནང་འདྲེས་བཞིན་ཡོད།
བཏུལ་ཐང་གི་བྱེ་མ་གཞི་ནས་རླུང་གི་སྐུལ་འདེད་འོག“གཡང་ཊི”རུ་གྱུར་པ་དང་། སྐྱེ་ཁམས་ཀྱི་གཡང་ནོར་དང་ཐོན་ལས་ཀྱི་མཆོག་ནོར། འབྲོག་པའི་འཚོ་བའི་དྲོད་ནོར་བཅས་སུ་གྱུར་ཡོད།
བཏུལ་ཐང་གི་རླུང་ད་དུང་ཡང་གཡུག་བཞིན་ཡོད་པ་སྟེ། དེ་སྔའི“བྱེ་རླུང”ནས་ད་ལྟའི“ནུས་རྒྱུ་གསར་བའི་རླུང”ལ་གྱུར་ཡོད། རླུང་འདིས་མུ་མཐུད་དུ་བཏུལ་ཐང་གི་གཏམ་རྒྱུད་ཁྱེར་ནས་རྒྱང་རིང་ལ་འགྲོ་དགོས།