ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་ཡུལ་སྐོར་བའི་ཉོ་སྒྲུབ་ཁྲལ་སློག་སྲིད་ཇུས་ལག་བསྟར་ཇུས་གཞིར་ནོར་སྲིད་པུའུ་དང་། སྒོ་གཅན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས་ཞིབ་བཤེར་ཆོག་མཆན་བཀོད་པས། རང་ཞིང་གིས2026ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་རྒྱལ་མཚམས་ལས་བརྒལ་བའི་ཁྲལ་སློག་སྲིད་ཇུས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
རྒྱལ་མཚམས་ལས་བརྒལ་བའི་ཁྲལ་སློག་སྲིད་ཇུས་ནི་ཕྱི་རྒྱལ་ཡུལ་སྐོར་པ་རྒྱལ་མཚམས་ནས་ཁ་འབྲལ་སྐབས། ཁྲལ་སློག་ཚོང་ཁང་ནས་ཉོས་པའི་ཆ་རྐྱེན་དང་མཐུན་པའི་ཚོང་ཟོག་ལ་སྤྲད་ཟིན་པའི་ཐང་འཕར་དཔྱ་ཁྲལ་ཕྱིར་སློག་པ་ལ་ཟེར་ཞིང་། རང་རྒྱལ་གྱིས་རྒྱལ་ཁོངས་སུ་ཡོང་ནས་འཛད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་ནང་མཁོ་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ད་ལོའི་ཟླ5པར། ཚོང་དོན་པུའུ་སོགས་སྡེ་ཁག་དྲུག་གིས་མཉམ་འབྲེལ་སྒོས《རྒྱལ་མཚམས་ལས་བརྒལ་བའི་ཁྲལ་སློག་སྲིད་ཇུས་སྔར་ལས་ལེགས་སྒྱུར་བྱས་ནས་རྒྱལ་ཁོངས་སུ་ཡོང་ནས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ་དང་། སྲིད་ཇུས་དངོས་འབེབ་བྱེད་པའི་ཐད་མ་ལག་ལྡན་པའི་བཀོད་སྒྲིག་བྱས། ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་ཁྲལ་དོན་ཅུས་དང་ཟི་ལིང་སྒོ་ཁྲལ་ལས་ཁུངས། གནམ་ཐང་ཀུང་སི་སོགས་ལས་ཁུངས་དང་མཉམ་དུ། བྱ་བའི་བླང་བྱ་ལྟར་མཉམ་འབྲེལ་བྱ་བའི་རྐྱེན་སྲོལ་འཛུགས་རྒྱུ་ནན་ཏན་གྱིས་ལེགས་པོར་བསྒྲུབ་པ་དང་། སྲིད་ཇུས་ལག་བསྟར་ཇུས་གཞི་བཟོ་བ། ཁྲལ་སློག་ལས་ཚབ་ལས་ཁུངས་བདམས་ནས། ནུས་ཤུགས་ཡོད་རྒུས་ཁྲལ་སློག་ཚོང་ཁང་ཐོ་འགོད་དང་རྒྱལ་མཚམས་ལས་བརྒལ་བའི་ཁྲལ་སློག་བསྒྲུབ་གནས་བསྒྱུར་བཀོད་སོགས་སྲིད་ཇུས་ལག་བསྟར་བྱེད་པའི་རྨང་གཞིའི་བྱ་བ་སྤེལ། རྒྱལ་མཚམས་ལས་བརྒལ་བའི་ཁྲལ་སློག་སྲིད་ཇུས་དངོས་འབེབ་ལག་བསྟར་བྱས་རྗེས། རང་ཞིང་གི་རྒྱལ་ཁོངས་སུ་ཡོང་ནས་འཛད་སྤྱོད་བྱེད་པའི་སྲིད་ཇུས་ཀྱི་མི་འདང་ས་ཁ་གསབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་པ། ཕྱི་རྒྱལ་གྱི་ཡུལ་སྐོར་པ་མཚོ་སྔོན་དུ་ཡོང་ནས་འཛད་སྤྱོད་བྱེད་པའི་སྦས་ཤུགས་སྐུལ་སྤེལ་བྱེད་པ། མཚོ་སྔོན་རྟགས་ཅན་གྱི་ཁྱད་ལྡན་ཚོང་ཟོག་ཕྱི་རུ་བསྐྱོད་པར་རམ་འདེགས་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད།
ཞིང་ཆེན་ཚོང་དོན་ཐིང་གིས་མུ་མཐུད་དུ་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ། ཕྱི་རྒྱལ་གྱི་ཡུལ་སྐོར་པའི་ཉོ་སྒྲུབ་དང་རྒྱལ་མཚམས་ལས་བརྒལ་བའི་ཁྲལ་སློག་ཚོང་ཁང་རྒྱ་བསྐྱེད་པ་དང་། ཚོང་ཟོག་ཇེ་མང་དུ་གཏོང་བ། སྤུས་ལེགས་ཞབས་ཞུའི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། རྒྱལ་ཁོངས་སུ་ཡོང་ནས་འཛད་སྤྱོད་བྱེད་ཚད་རྒྱ་བསྐྱེད་པ། འཛད་སྤྱོད་ལ་སྐུལ་སྤེལ་བྱས་ཏེ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་རྒྱུ་རེད།