དུས་ཡུན་ཟླ་བ5ཡི་རིང་གི་གྲ་སྒྲིག་བྱས་པ་བརྒྱུད། བདེ་ཆེན་དབང་གྲགས་དང་ཁོའི་ཚོགས་པས་བཟོས་པའི་ཐོན་རྫས་གསར་པ་སྟེ་ཚྭ་དམར་སོ་སྨན་དེ་ཐད་གཏོང་ཁང་དུ་དངོས་སུ་འཚོང་འགོ་ཚུགས་པ་དང་།དགའ་འོས་པ་ཞིག་ནི་ཆུ་ཚོད2ནང་སོ་སྨན་ཁྲི3བཙོངས་ཏེ་ཕྱིར་འཚོང་གི་སྔོན་དཔག་ལས་ཆེ་ཆེར་བརྒལ།
ཚྭ་དམར་སོ་སྨན་ནི་མཚོ་སྔོན་ལྷོ་རྒྱུད་ཚྭ་དམར(ནང་ཆེན)དེང་རབས་ཞིང་འབྲོག་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས་ད་བར་དངོས་སུ་ཐོན་སྐྱེད་ཕྱིར་འཚོང་བྱེད་པའི་ཐོན་རྫས་ཨང8པ་ཡིན།ད་ལོའི་ཟླ4པ་ནས་བཟུང་།ཐོན་རྫས་དེ་བདེ་ཆེན་དབང་གྲགས་དང་ཁོའི་ཚོགས་པས་རེ་བ་ཆེན་པོ་བཅོལ་སའི་ཐོན་རྫས་གསར་པ་ཞིག་ཏུ་གྱུར་ཡོད། ཞིབ་འཇུག་གསར་སྤེལ་དང་།ཐོ་འགོད།ཐོན་སྐྱེད་བཅས་ཀྱི་ཁྲོད་བཞུར་པའི་དཀའ་སྡུག་གི་རྔུལ་ཆུ་མཐའ་དག་ཉིན་དེའི་ཐད་གཏོང་ལམ་ནས་བདེན་ཁ་ཐོབ་པར་དགའ་བ་འབུམ་གྱིས་ཁེངས།“ཐོན་རྫས་ལ་ཚང་མས་ཁས་ལེན་དང་དགའ་ཞེན་བྱེད་པ་ནི་ང་ཚོར་གནང་བའི་ཆེས་མཆོག་གྱུར་གྱི་སྐུལ་མ་ཡིན”།

ནང་ཆེན་རྫོང་སྤྲེའུ་ཚྭའི་ཚྭ་ར།
རྫ་ཆུའི་འགྲམ་དུ་གནས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི“གོ་རབས་པས”ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས་སོ་སོའི་ནུས་པ་མངོན་པར་བྱས་ཏེ་དུས་རབས་གསར་པར་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།ལོ28ལ་སླེབས་པའི་བདེ་ཆེན་དབང་གྲགས་ནི་དེའི་གྲས་ཀྱི་གཅིག་ཡིན།
བདེ་ཆེན་དབང་གྲགས་ནང་ཆེན་རྫོང་འབྲོག་ཤོག་ཤང་ཚྭ་ཁ་སྡེར་བར་སྐྱེས་པ་དང་།ས་གནས་དེ་གའི་སྐད་གྲགས་ཡོད་པའི་ནི་གུ་ཚྭ་ར་དེ་ཁོ་ཚང་དང་བར་ཐག་སྤྱི་ལེ་གཅིག་ཙམ་མ་གཏོགས་མེད་པས། ཚྭ་རའི་སྐོར་དེ་ནི་ནི་ཁོའི་སེམས་གཏིང་གི་ཆེས་བརྗེད་དུ་མེད་པའི་བྱིས་དུས་ཀྱི་དྲན་ཤེས་ཡིན།“སྐབས་དེ་དུས་རྟག་ཏུ་ནོར་ནག་དེད་ནས་སྡེ་བའི་ནང་ཚྭ་དབོར་འདྲེན་བྱེད་དུ་ཡོང་།ཁོ་ཚོས་ཐག་རིང་ནས་ཇ་ལོ་དང་འབྲུ་རིགས་སོགས་ཀྱི་དངོས་ཟོག་དབོར་ནས་ང་ཚོའི་འདི་གར་ཚྭ་བརྗེ་རུ་ཡོང་བ་ལ་དེར་བྱིས་པ་ཚོ་རྟག་ཏུ་ལྟད་མོ་ལྟ་བར་འགྲོ”རྗེས་སུ་རྒན་རབས་ཀྱི་གླེང་མོལ་ལ་ཉན་རྗེས་བདེ་ཆེན་དབང་གྲགས་ཀྱིས་ཁོ་ཚོ་མང་ཆེ་བ་སི་ཁྲོན་དང་།ཡུན་ནན།བོད་ལྗོངས་སོགས་ས་ཁུལ་ཁག་ཅིག་ནས་ཡིན་པ་ཤེས།
བདེ་ཆེན་དབང་གྲགས་ལོ་དྲུག་བདུན་ལ་སླེབས་སྐབས་ཚྭ་ཁ་སྡེ་བ་དང་ཁ་བྲལ་ཏེ་ཁྱིམ་ཚང་རྫོང་ཐོག་ཏུ་ཡོང་ནས་ཁོ་རང་སློབ་གྲྭར་བསྐྱལ། དེ་ནི་ལོ་རབས་དེའི་ནང་ཆེན་རྫོང་གི་ཡོངས་ཁྱབ་ལ་དར་བའི་སྣང་ཚུལ་ཡིན་པ་འདྲ། དེའི་ཕྱིར། ཁོས་ཚྭ་ར་དང་ཚྭ་དམར་ལ་རྒྱུས་ལོན་བྱེད་པ་དེའང་ཧ་ལམ་དེ་དུས་ཀྱི་དུས་ཡུན་ཐུང་ངུ་ཙམ་ལས་མེད།2021ལོའི་ལོ་མཇུག་ཏུ་སླེབས་དུས། སྡེ་བས་གཉེར་བའི་ཟོང་རྟགས་དེ་ཚར་བླངས་ནས་ཀུང་སི་བཙུགས་ཤིང་། ན་གཞོན་ཚོགས་པ་དེ་ཁྲིད་པའི་འགན་གཉེར་རྗེས། ད་གཟོད་མཚོ་སྔོན་ཞིང་ཆེན་ཡོངས་སུ་ནང་ཆེན་རྫོང་མ་གཏོགས་ཚྭ་དམར་མེད་པ་གཞི་ནས་ཤེས།
མཚོ་སྔོན་ལྷོ་རྒྱུད་ཚྭ་དམར(ནང་ཆེན་)དེང་རབས་ཞིང་འབྲོག་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྐོར་གླེང་སྐབས། ནང་ཆེན་གྱི་ཚྭ་དམར་དེ་ཇི་འདྲ་ཞིག་ཡིན་ཞེ་ན། བདེ་ཆེན་དབང་གྲགས་ཀྱིས་མཁོ་འདོན་བྱས་པའི་དཔྱད་གཞིའི་ནང་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དུ་མཐོང་མང་བའི་ས་འོག་གི་ཁྲོན་པའི་ནང་གི་ཚྭ་ཆུ་བསྡུ་ལེན་བྱེད་སྟངས་མི་འདྲ་བར།ནང་ཆེན་ས་ཁུལ་གྱི་ཚྭ་ཆུ་མང་ཆེ་བ་ནི་རང་བྱུང་གི་ཆུ་མིག་ལྟ་བུ་ཡིན་པས།ཚྭ་ཡི་ཆུ་མིག་རེ་རེའི་ནང་དུ་ཆུ་མིག་མི་འདྲ་བ་བརྡོལ་བཞིན་ཡོད་པ་དང་།དེ་ལས་བྱུང་བའི་ཚྭ་ཆུ་དང་ཡང་ན་རང་བྱུང་གི་རྫིང་བུ་དེ་ཚྭ་ཞིང་དུ་བཞུར་བའི་བརྒྱུད་རིམ་ནང་རི་ལྡེབས་ཀྱི་ས་དམར་འདྲེས་པར་བརྟེན་ནང་ཆེན་གྱིས་ཐོན་སྐྱེད་བྱས་པའི་ཚྭ་མང་ཆེ་བ་ནི་ཚྭ་དམར་པོ་ཡིན།
ཁྱད་ཆོས་དེ་འདྲ་ལྡན་པའི་དབང་གིས་ནང་ཆེན་གྱི་ཚྭ་དམར་ཁྲོམ་ར་ལ་སྣང་ཆུང་བྱེད་མི་རུང་བ་དང་།བདེ་ཆེན་དབང་གྲགས་དང་ཚྭ་དམར་ཐོན་ལས་དབར་གྱི་འབྲེལ་བ་ནི་སྟེས་དབང་ཞིག་ག་ལ་ཡིན།
བདེ་ཆེན་དབང་གྲགས་ནི་བྱིས་པ“བརླིང་པོ”ཞིག་མིན། 2018ལོར་ཁོ་རང་སློབ་ཆེན་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་སྲིད་གཞུང་སྡེ་ཚན་གྱི་གདན་ཞུ་ལས་དོན་པ་ཞིག་བྱས།ཕ་མས་རྒྱུན་ཏུ་ཁོ་ལ་བསྐྱར་སྦྱོང་ཡག་པོ་བྱས་ནས་གཞུང་ཞབས་པ་ཞིག་ཏུ་འགྱུར་བར་མངགས་བཅོལ་བྱས།
བདེ་ཆེན་དབང་གྲགས་ཀྱིས་དེ་ནི་ཕ་མ་གཉིས་ཀྱིས་ལོ་མང་རིང་གི་རེ་སྒུག་ཆེན་པོ་ཞིག་ཡིན་པ་ཤེས་མོད།འོན་ཀྱང་ཁོང་གི་སེམས་པ་རྟག་ཏུ་རང་དབང་མེད་པར་ཕྱི་རོལ་གྱི་འཇིག་རྟེན་ཏུ་ཤོར་འགྲོ། ཁོས་ལས་གཏོད་ལ་བརྟེན་ནས་རང་ཉིད་ལ་དབང་བའི་ལམ་བུ་ཞིག་གཏོད་འདོད། སྐབས་དེར་ཁོས་ཨན་ཧུའེ་ཞིང་ཆེན་དུ་གློག་རྡུལ་ཚོང་དོན་གསོ་སྦྱོང་ལ་ཞུགས་པའི་གོ་སྐབས་བརྩོན་ལེན་ཏེ།བསྟུད་མར་ཉིན་འགའ་ལ་སློབ་སྦྱོང་དང་ལྟ་སྦྱོང་བྱས་རྗེས།ཁོའི་སེམས་སུ་འཆར་གཞི་ཞིག་ཐག་གཅོད་བྱས།“ཐེངས་འདིར་ངས་ཕ་ཡུལ་ལ་ཐོན་ཁུངས་དང་གོ་སྐབས་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་བྱུང་།འོན་ཀྱང་ཚང་མས་མཐོང་གི་མེད་པའམ་རྦད་དེ་བརྗེད་ཡོད་པ་ལ་བློ་ཕམ་ཆེན་པོ་བྱུང་།”

དེ་རྗེས་ཀྱི་ལོ་གསུམ་རིང་།བདེ་ཆེན་དབང་གྲགས་ཀྱིས་ཟི་ལིང་གྲོང་ཁྱེར་དང་།ཡུལ་ཤུལ་གྲོང་ཁྱེར།འབྲི་སྟོད་རྫོང་སོགས་སུ་སྔ་རྗེས་སུ་ཟོང་སྐྱེལ་པ་བྱས་མྱོང་ཞིང་། མྱུར་སྐྱེལ་ཀུང་སི་ཡང་བཙུགས་མྱོང་། ཐང་བཤམས་ཀྱི་ཚོང་ཡང་བརྒྱབ་མྱོང་བ་སོགས་ཕམ་ཉེས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བླངས་ནས་གོ་སྐབས་འཚོལ་བའི“ཤེས་རབ་ཀྱི་སྤྱན་མིག”ཞིག་སྦྱང་ཐུབ་བྱུང་།
ཏག་ཏག་སྐབས་དེར་སྡེ་བའི་ནང“མཚོ་སྔོན་ལྷོ་རྒྱུད་ཀྱི་ཚྭ་དམར”ཞེས་པའི་ཟོང་རྟགས་བཙུགས་ནས་ལོ་གཅིག་ལྷག་ཙམ་སོང་ཡང་། སྣེ་ཁྲིད་དེ་ལག་ལེན་ཏུ་བསྟར་མཁན་མེད། བདེ་ཆེན་དབང་གྲགས་ཀྱིས་ཀུང་སི་བཙུགས་ནས་སྡེ་བའི་མཉམ་སྡེབ་ཀྱིས་མ་རྐང་གི་བརྒྱ་ཆ59%དང་ཁོ་མི་སྒེར་གྱིས་མ་རྐང་གི41.1%བཟུང་།
ལོ་གསུམ་ལྷག་ཙམ་སོང་རྗེས་བདེ་ཆེན་དབང་གྲགས་ཀྱི་ཚོགས་པ་ཆུང་ཆུང་དེ་མི་50ཡི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་འཕེལ་ནས། ཚྭ་དམར་རྐང་སྨན་དང་།ཚྭ་དམར་གློག་ངར(སྐེད་པ་སྲུང་བ)སོགས་ཐོན་རྫས་རིགས8འཁྱུག་དབྱིངས་དང་མགྱོགས་འཕྲིན།ཐའོ་པའོ་སོགས་གཙོ་རྒྱུག་དྲ་ཐོག་ཚོང་དོན་ལས་སྟེགས་ནང་ཞུགས་ནས། གཉེར་སྐྱོང་དོ་དམ་ཕྱོགས་ཡོངས་ནས་གློག་རྡུལ་ཅན་མངོན་འགྱུར་བྱུང་སྟེ་ཀུང་སི་འཕེལ་རྒྱས་སུ་སོང་བ་དང་ཆབས་ཅིག་སྡེ་བའི་མཉམ་སྡེབ་ཀྱི་ཁེ་སྤོགས་མང་པོ་བགོ་བཤའ་བརྒྱག་ཐུབ་པ་བྱུང་།
2024ལོའི་ལོ་མཇུག་ཏུ།ཀུང་སིས་ལོ་འཁོར་གྱི་ཁེ་སྤོགས་བགོ་བའི་གན་རྒྱ་ལག་བསྟར་བྱས་ཏེ།སྡེ་བར་ཁེ་སྤོགས་སྒོར་ཁྲི32.4བགོས་པ་དང་།ད་ལོར་སྲིད་གཞུང་གིས་སྟེགས་བུ་བཙུགས་ནས《རྨོ་འདེབས3》ཞེས་པའི་ལེ་ཚན་གྱི“ལས་བརྩོན་ཉིན་བཅུ”ཡི་དཔུང་སྡེས་ནང་ཆེན་རྫོང་དུ་ཞིང་སྐྱོར་བྱེད་སྒོ་སྤེལ་སྐབས། ཚྭ་དམར་ཐོན་རྫས་གསར་སྤེལ་དང་ཁྱབ་གདལ་ནང་ཞུགས་ནས་ཀུང་སིའི་ཐོན་རྫས་ལ་བསམ་ཡུལ་ལས་འདས་པའི་བྲིན་པ་རྒྱུག་པོ་བྱུང་བ་དང་དེ་ལས་སྡེ་བར་ཁེ་སྤོགས་སྒོར་ཁྲི42བགོ་བཤའ་བརྒྱབ།
ད་ཆ་ན་གཞོན་བདེ་ཆེན་དབང་གྲགས་དང་ཁོའི་ཚོགས་པས་ཏུང་ཧྥིང་ཀྲིན་ཞོན་དང་མཱ་ཡེ་སྡེ་ཚོགས་སོགས་ལས་སྟེགས་སྔར་ལས་མང་པོར་འབྲེལ་བ་བྱེད་བཞིན་ཡོད་པས། དྲ་རྒྱའི་ཐབས་ལམ་ལ་བརྟེན་ནས་ནང་ཆེན་ཚྭ་དམར་དང་དེའི་རྒྱབ་ཀྱི་གཏམ་རྒྱུད་དེ་མི་སྔར་ལས་མང་པོ་ཞིག་གིས་ཤེས་ཐུབ་པར་རེ་བ་བྱེད་བཞིན་ཡོད།
ནི་གུ་ཚྭ་རར་བཤད་རྒྱུན་འདི་ལྟ་བུ་ཞིག་ཡོད་དེ། ལྷ་མོ་ཞིག་གིས་གཡག་བཞོན་ནས་ཚྭ་ཁ་སྡེ་བ་བརྒྱུད་སྐབས།ནོར་གྱི་རྨིག་རྗེས་ནས་ཆུ་མིག་བརྡོལ་ནས་ཚྭ་ཆུ་རུ་གྱུར་ནས་ཡུལ་དེའི་མི་སེར་གསོས་པ་རེད།ནང་ཆེན་གྱི་ཚྭ་ར་ཆེན་པོ་བརྒྱད་ཀྱི་གྲས་ཀྱི་སྦྲེལ་ཚྭའིཚྭ་རར་སྤྲེའུ་ཞིག་གིས་ས་ངོས་སུ་ལྡག་པར་བརྟེན་མི་རྣམས་ཀྱིས་ཚྭ་ཆུ་ཡོད་པ་ཤེས་རྟོགས་བྱུང་བའི་ཚུལ་སོགས་གནའ་བོའི་གཏམ་རྒྱུད་འཆད་སྲོལ་ཡོད།དམངས་ཁྲོད་ཀྱི་ངག་རྒྱུན་དེ་དག་གིས་ཚྭ་དམར་ལ་ལྐོག་གྱུར་དང་རྩ་ཆེའི་ནུས་པ་བསྩལ་ཞིང་། ཚྭ་རྡོག་རེ་རེར་ནང་ཆེན་མི་དང་ས་གཞི། རང་བྱུང་དང་ཕན་ཚུན་བརྟེན་རེས་བྱེད་པའི་བརྩེ་སེམས་ཡང་རང་ཤུགས་ཀྱིས་མཚོན་ཡོད།
ས་མཐོའི་ཕ་ཡུལ་དུ་གཞི་ཚུགས་པའི་གཏམ་རྒྱུད་དང་རིག་གནས་དེ་དག་ལས། བདེ་ཆེན་དབང་གྲགས་དང་ཁོའི་ཚོགས་པའི་སེམས་སུ་ཁོང་ཚོ་ནི་ཐོན་ལས་གཉེར་མཁན་ཙམ་མིན་པར་རྫ་ཆུའི་ཆུ་མགོར་རང་བྱུང་གིས་གནང་བའི་ལེགས་སྐྱེས་དང་སྤྱི་ཚོགས་རིག་གནས་བརྒྱུད་སྤྲོད་བྱེད་མཁན་ཞིག་ཡིན་སྙམ།བདེ་ཆེན་དབང་གྲགས་ཀྱིས་ང་ཚོས་མུ་མཐུད་དུ་ཚྭ་དམར་ཐོན་ལས་གཏིང་ཟབ་སྤེལ་ཏེ། ས་གནས་ཀྱི་ཐོན་ཁུངས་སྔར་ལས་མང་པོ་སྔོག་འདོན་བརྒྱུད་དེ“ནང་ཆེན་གྱི་བྲོ་བ”དེ་བས་མང་པོ་མཐོ་སྒང་ནས་རྒྱང་རིང་གི་གནས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།