རང་རེའི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་། སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་མི་དམངས་སྲིད་གཞུང་། སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་གླིང་གེ་སར་རྒྱལ་པོའི་ཐང་ག་འགྲེམས་སྟོན་དང་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་འཚོགས། འགྲེམས་སྟོན་མཛད་སྒོའི་སྟེང་དུ་ལས་རིགས་སོ་སོ་ནས་ཕེབས་པའི་འགོ་ཁྲིད་དང་། ཆེད་མཁས་པ། ཤེས་ཡོན་པ། གསར་འགོད་པ་སོགས་མི་སྣ200ལྷག་ཞུགས་ཡོད།

ཐེངས་འདིའི་འགྲེམས་སྟོན་སྟེང་དུ་གེ་སར་སྒྲུང་པའི་ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་པ་དགེ་བ་བཟང་པོ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རྒྱུན་འཛིན་པའམ་སི་ཁྲོན་ཞིང་ཆེན་བཟོ་རྩལ་མཛེས་རྩལ་པ་ཆེན་མོ་ལེགས་སྨོན་གཉིས་ཀྱིས་ལོ་ངོ་མང་པོ་རིང་ལ་ཐུན་མོང་སྒོས་བྲིས་བཞེངས་གནང་པའི་སྒྲུང་ཐང་བརྒྱ་ལྷག་བཤམས་ཡོད། ལྷ་རིས་པ་ཁོང་གཉིས་ཀྱིས་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བཙན་པོ་གཉའ་ནས་གནོན་པ་དང་ཉམ་ཆུང་མཐའ་ནས་སྐྱོང་བའི་བརྗོད་སྙིང་ལེགས་པར་མངོན་ཞིང་། གེ་སར་རྒྱལ་པོ་དང་དཔའ་རྟུལ་རྣམས་ཀྱི་དཔའ་བོའི་སྣང་བརྙན་གསོན་ཉམས་ལྡན་པ་དང་མི་སྣའི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ། ལྟད་མོ་བ་ཚོར་སྒྱུ་རྩལ་གྱི་རིན་ཐང་དང་རིག་གནས་ཀྱི་ནང་སྙིང་གཉིས་ལྡན་པའི་མཐོང་ཚོར་གྱི་གསོལ་སྟོན་ཆེན་པོ་བཤམས་འདུག

བགྲོ་གླེང་ཚོགས་འདུའི་སྟེང་དུ། པེ་ཅིན་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ། ཧུའུ་པེ། ཀྲེ་ཅང་། ཅང་སུའུ་སོགས་ནས་ཕེབས་པའི་ཚོགས་ཞུགས་པ་རྣམས་ཀྱིས་སྒྲུང་ཐང་གི་རྒྱུན་འཛིན་དང་སྲུང་སྐྱོབ། གསར་གཏོད་དང་འཕེལ་རྒྱས། ཚད་ལྡན་ཅན་དུ་གཏོང་བ་སོགས་སྐོར་ནས་བགྲོ་གླེང་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན2026ལོའི་ཟླ3པའི་ཟླ་མཇུག་བར་རྒྱུན་མཐུད་བྱ་རྒྱུ་ཡིན་ལ། རྒྱ་ཆེ་གཟིགས་མོ་བ་ཡོངས་ལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་རོལ་མྱོང་བྱེད་པ་དང་། མི་རིགས་རིག་གནས་ཀྱི་སྙིང་སྟོབས་ལ་ཤེས་རྟོགས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་པས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ནོ། །

འཕྲིན་གཏོང་བ། ཆབ་འགག་ཇོ་རུ།