མཚོ་སྔོན་ཞིང་ཆེན་ཏང་ཕྱིའི་ཤེས་ཡོན་ཅན་གྱི་མཉམ་འབྲེལ་ཚོགས་པའི་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཐེངས་བཞི་པ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཕྱིའི་ཤེས་ཡོན་ཅན་མཉམ་འབྲེལ་ཚོགས་པའི་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཐེངས་བཞི་པ་འཚོགས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་དབང་ཁེ་ལས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཏང་ཕྱིའི་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཁོང་ཡུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ལོ་གཅིག་གི་རིང་ལ། ཞིང་ཆེན་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་དོན་ལ་དམ་པོར་དམིགས་ཏེ། “སེམས་ཤུགས་གཅིག་སྒྲིལ་གྱིས་གཞི་རྟེན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱིས་འཐབ་ལམ་གསར་པའི་སྟེང་བསྐྱོད་པ”སོགས་ཀྱི་བརྗོད་དོན་སློབ་གསོར་དམིགས་ནས། སྲིད་ཞུགས་སྲིད་གླེང་དང་བློ་འདོན་ཇུས་འབུལ། སྤྱི་ཚོགས་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བཅས་བྱས་ཏེ། བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་དང་ཚན་རིག་ཞིབ་འཇུག་ལས་གཞི་ལག་བསྟར་སོགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དང་དཀའ་གནད་གནད་དོན་ལ་དམིགས་ཏེ། བློ་འདོན་ཇུས་འབུལ་འབད་པས་བྱས་པར་བརྟེན། ཆབ་སྲིད་ཀྱི“སྟོབས་ཤུགས་གསུམ”མངོན་སུམ་ཇེ་ཆེར་སོང་བ་དང་། མཉམ་འབྲེལ་ཚོགས་པའི་རྩ་འཛུགས་ཚད་ལྡན་ཅན་དུ་གཏོང་བའི་འཛུགས་སྐྲུན་ལ་ཤུགས་སྣོན་གསར་པ་བྱུང་ཡོད་ལ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་ཕན་འབྲས་གསར་པ་ཐོབ་ཡོད་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་ནི་ཏང་ཕྱིའི་ཤེས་ཡོན་ཅན་གྱིས་འགན་འཁྲི་སྒྲུབ་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བཤད་ན། ཆབ་སྲིད་ཀྱི་གནས་བབ་སྔར་ལས་ཇེ་མཐོར་བཏང་ནས། ངོས་འཛིན་སྔར་ལས་ཇེ་ཟབ་དུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་ཇེ་དམ་དུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས། ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་བའི་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏང་ཕྱིའི་ཤེས་ཡོན་ཅན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཏང་ཕྱིའི་ན་གཞོན་ཤེས་ཡོན་ཅན་འཚར་ལོངས་ཡོང་བའི་སྟེགས་བུ་འབད་པས་བསྐྲུན་ནས། ཁོ་ཚོས་ཚན་རིག་ཞིབ་འཇུག་གི་ལས་གཞི་གལ་ཆེན་ནང་གཙོ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པར་སྐུལ་མ་གཏོང་དགོས། འགན་འཁྲི་སྒྲུབ་པའི་སྟེགས་བུ་འབད་པས་བསྐྲུན་ནས། ཏང་ཕྱིའི་མི་སྣས་སྲིད་ཇུས་ཁོང་དུ་ཆུད་པའི་ནུས་པ་ཆེ་རུ་གཏོང་བ་དང་སྲིད་གླེང་ཇུས་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་ཏེ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་ཐག་གཅོད་པར་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས། རིམ་པ་སོ་སོའི་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་ཕྱིའི་ཤེས་ཡོན་ཅན་སྔར་ལས་མང་པོས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།