མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ས་གནས་དང་ལས་ཁུངས་ཁག་ཏུ་བསྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

བསྟུད་མུར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཧྥུང་ཁྲུན་དང་ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ཀྲང་ཞའོ་རུང་། ཐེན་ཁུའེ། ཀྲ་ཆིང་ཅིའུ་བཅས་སོ་སོར་ས་གནས་དང་འབྲེལ་ཡོད་སྡེ་ཁག་ཏུ་བསྐྱོད་དེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བརྗེ་རེས་བྱས་ཏེ། བྱེད་ཐབས་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྩ་བ་ཚུགས་ཏེ་འབྲས་བུ་ཆེན་པོ་ལོན་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པ་ནི་རང་རྒྱལ་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱེད་ལ་ཉེ་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་སྟོབས་ཤུགས་འདོན་པ་བཅས་ཀྱི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ནི། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ།  ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གང་ལེགས་གཏོང་དགོས།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིག་སྒྲོག ལག་བསྟར་བཅས་བྱ་རྒྱུ་དང་མིག་སྔའི་ལས་དོན་དམ་འཛིན་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་ཀྱི་འཐབ་ཇུས་མཛུབ་སྟོན་ཁོང་དུ་ཡང་དག་ཆུད་པར་བྱས་ནས།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ། ཡིད་ཆེས་སྔར་ལས་བརྟན་དུ་གཏོང་བ་དང་དངོས་གཉེར་སྔོན་བརྩོན་བྱས་ཏེ།  ཚད་བསྡུར་ཚད་ཤིང་བཟོ་བ་དང་མཉམ་འདྲེས་མཐུན་སྦྱོར་ཡོང་བར་བྱེད་པ། བསམ་སྤྱོད་གཅིག་གྱུར་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དེ་མཚོ་སྔོན་གྱི་ལས་སྒྲུབ་དང་ལས་སྐྲུན་གྱི་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མདུན་སྐྱོད་བགྲོད་ལམ་སྟེང་བརྟན་བརླིང་ངང་བསྐྱོད་ནས། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་ཡོང་བར་བྱེད་པ་དང་ཞབས་འདེགས་ཞུ་བའི་ཁྲོད་དུ་མཚོ་སྔོན་གྱི་འགན་འཁྲི་དང་མཚོ་སྔོན་གྱི་བྱས་རྗེས་མངོན་གང་ཐུབ་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།