གཞི་རིམ་གྱི་ལས་གནས་དང་པོ་རུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།

ཡོང་ཁུངས། ཞིན་ཧྭ་དྲ་བ།

བསྟུད་མར་ཉིན་ཤས་རིང་། ཧེ་ལུང་ཅང་དང་། ཀྲེ་ཅང་། ཀོང་ཏུང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་བཅས་གཞི་རིམ་གྱི་ལས་གནས་དང་པོར་སོང་སྟེ། ཚོགས་རིགས་དབྱེ་བ་དང་། རྣམ་པ་མང་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མི་སེམས་སུ་ཟུག་པ་དང་རྩ་བ་ཚུགས་པར་སྐུལ་འདེད་བཏང་།

ཧེ་ལུང་ཅང་གིས་ལས་ཁུངས་ཀྱི་ལས་བྱེད་པ་དང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན། གསར་བརྗེའི་རིག་གནས་ཁང་གི་འགྲེལ་བཤད་པ་སོགས་རྩ་འཛུགས་བྱས་ནས་སྒྲོག་འགྲེལ་དཔུང་ཁག་བཙུགས་ལ། སློབ་གྲྭ་དང་ཁེ་ལས། བཟོ་གྲྭ། སྡེ་ཁུལ། ཞིང་སྡེ་བཅས་སུ་སོང་སྟེ། གཞི་རིམ་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། མང་ཚོགས་ལ་རྒྱུས་མངའ་ཡོད་པའི་སྐད་ཆ་དང་། ཉེ་འགྲམ་གྱི་དཔེ་མཚོན་གྱོད་གཞི། ཞིབ་ཅིང་གསལ་བའི་གཞི་གྲངས་བཅས་ཀྱིས་སྒྲོག་འགྲེལ་བྱས་ནས།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཧ་ཨར་པིན་བཟོ་ལས་སློབ་ཆེན་གྱི་སློབ་མ་ཝང་ཀྲའོ་ཞ་ཡིས་བཤད་རྒྱུར།

ཁོར་ཡུག་ཆེད་ལས་ཀྱི་སློབ་མ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། རིག་ཚན་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཁོར་ཡུག་སླར་གསོ་སོགས་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ལང་ཚོའི་སྟོབས་ཤུགས་འབུལ་ངེས།

ཀྲེ་ཅང་གིས་ཐབས་དང་རྣམ་པ་གསར་གཏོད་བྱས་ཏེ། ཆེད་མཁས་པ་དང་ན་གཞོན་རྐང་འཛིན་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་རྩ་འཛུགས་བྱས་ནས་སྒྲོག་འགྲེལ་བྱས་ལ། དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས། རིམ་པ་དང་རིགས་བགོས་ནས་སྒྲོག་འགྲེལ་མ་ལག་སྒྲིག་འཛུགས་བྱས། སློབ་ཆེན་སློབ་མ་དང་གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱི་སོགས་ལ་དམིགས་ནས། ཡུལ་སྣང་ཟློས་གར་དངAIམཉམ་འགུལ་སོགས་གཞོན་ནུ་ཚོས་དགའ་བསུ་བྱེད་པའི་རྣམ་པར་སྒྲོག་འགྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་གཞི་ཚུགས་ཐུབ་པར་བྱས།

ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་པིན་ཅང་ཆུས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་རེན་ཡུང་གིས་བཤད་རྒྱུར།

ཚང་འཛོམས་གྲོས་ཚོགས་ལས་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ལ། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནན་ཏན་སྒོས་ལག་ཏུ་བསྟར་ནས། ཀྲེ་ཅང་གི་རིག་གནས་འཛུགས་སྐྱོང་གི་“ལས་གཞི་བརྒྱད་”ལག་བསྟར་བྱེད་པར་སྔར་ལས་ལེགས་པར་སྐུལ་འདེད་གཏོང་དགོས་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བའི་ཁྲོད་སྐྱིད་སྣང་དང་ཐོབ་སྣང་ཇེ་དྲག་ཏུ་གཏོང་དུ་འཇུག་དགོས།

ཀོང་ཏུང་དུ་ཚོགས་རིགས་དབྱེ་བ་དང་རྣམ་པ་མང་བར་གཞི་རིམ་དུ་སྒྲོག་འགྲེལ་བྱས་ལ། ལས་རིགས་མི་འདྲ་ནས་ཡོང་བའི་སྒྲོག་འགྲེལ་པ་ཞིང་ཁ་དང་ཐོན་ལས་ཀྱི་ལས་རིམ་དང་པོ། སློབ་ཆེན་གྱི་སློབ་གྲྭ་བཅས་སུ་སོང་ནས། རང་ངོས་ཀྱི་ལག་ལེན་དང་ཟུང་འབྲེལ་སྒོས་གཞི་རིམ་གྱི་བྱ་བའི་དཀའ་གནད་ལ་དམིགས་ནས། མི་རྣམས་ཀྱིས་སེམས་ཁུར་བྱེད་ས་དང་རེ་བ་བྱེད་སར་ལན་སློག་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་སུ་འཇགས་ཐུབ་པར་བྱས།

ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་གྲོང་ཁྱེར་མེ་ཞན་ཆུས་ཅིན་ཡུས་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཡུང་ཧྲེང་གིས་བཤད་རྒྱུར།

ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཟབ་མོ་བྱེད་པ་དང་། ཞིང་སྡེ་ཡི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ།“གཏན་ཕབ་གཉིས་”ལ་མཐའ་གཅིག་ཏུ་གོང་བཀུར་དང“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་དགོས། ཞིང་སྡེའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་བཏང་ནས། ཡུལ་མི་སྔར་ལས་མང་པོའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གིས་རྒྱལ་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཆེད་མཁས་པ་གྲགས་ཅན་དང་ན་གཞོན་མཁས་པ་ཕུལ་བྱུང་རྣམས་གཅིག་སྡུད་བྱས་ཏེ། ཆུ་ཚད་མཐོ་བའི་རིག་གཞུང་འཆད་ཁྲིད་ཚོགས་པ་དང་ན་གཞོན་མཁས་པའི་འཆད་ཁྲིད་ཚོགས་པ་འཛུགས་པར་མཛུབ་སྟོན་བྱས་ལ། ས་གནས་སོ་སོ་དང་ལས་རིགས་མི་འདྲ་བའི་གྲས་སུ་སོང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རིག་གཞུང་ཞིབ་འཇུག་དང་གཞུང་ལུགས་འགྲེལ་བཤད་སོགས་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མར་ཁེ་སི་རིང་ལུགས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཧོ་ཆིན་གྱིས་བཤད་རྒྱུར།

ང་ཚོས་ཞིས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”གྲོས་གཞིའི་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་གང་མགྱོགས་སྒོས་འཛུགས་སྐྱོང་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་ལེན་དགོས་ལ། “ཟུང་འབྲེལ་གཉིས་”ཀྱི་ཁྲོད་ཏང་གི་གསར་གཏོད་གཞུང་ལུགས་མ་ལག་ཅན་དང་རིག་གཞུང་ཅན་གྱི་ཞིབ་འཇུག་འགྲེལ་བཤད་ལ་སྐུལ་འདེད་བཏང་སྟེ། རིག་གཞུང་གི་དོན་སྙིང་ཟབ་པ་དང་ལག་ལེན་གྱི་རིན་ཐང་ལྡན་པའི་ཞིབ་འཇུག་གི་འབྲས་བུ་སྔར་ལས་མང་པོ་འདོན་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།