གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་སྐྱེ་དངོས་བཟོ་སྐྲུན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་། གཞི་ཁྱོན་དང་། ལག་རྩལ། ཁྱུ་ཚོགས་འཛུགས་སྐྱོང་སོགས་ཀྱི་ཕྱོགས་མང་པོའི་ཐད་ནས་ཚད་བརྒལ་བྱུང་ནས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་སྐྱེ་དངོས་བཟོ་སྐྲུན་ཐོན་ལས་ཀྱི་གཞི་ཁྱོན་བརྟན་བརླིང་ངང་ཇེ་ཆེར་སོང་། སྤྱིའི་གཞི་ཁྱོན་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་གཅིག་ཟིན་པ་དང་། སྐྱེ་དངོས་སྙོལ་བའི་ཐོན་རྫས་ཀྱི་ཐོན་འབོར་གྱིས་འཛམ་གླིང་ལས70%ཡན་ཟིན་ལ། དེའི་ནང་དུ་ཟས་རིགས་དང་སྦྱོར་རྟ་དང་སྐྱེ་དངོས་སྨན་བཟོ་སོགས་བྱེ་བྲག་ཁྱབ་ཁོངས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲག་ཁྲིག་བཞི་ལས་བརྒལ། སྐྱེ་དངོས་བཟོ་སྐྲུན་སྐུལ་འདེད་གཏོང་བ་དེ་དཔལ་འབྱོར་འཕར་གནས་གསར་པར་གྱུར་ཡོད།
ལག་རྩལ་གསར་གཏོད་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་གསར་གཏོད་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་། རང་རྒྱལ་གྱི་སྐྱེ་དངོས་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཆེད་ཁེ་རེ་ཞུ་བྱས་ཚད་འཛམ་གླིང་གི་བསྡུར་ཚད་ཟིན་ཚད20%ལས་བརྒལ་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་ཐོན་ལས་གསར་གཏོད་ལས་སྟེགས་ཁག་ཅིག་འཛུགས་སྐྲུན་ལེགས་འགྲུབ་བྱུང་། རང་རྒྱལ་ནས་ཐོན་པའི་བརྒྱུད་ཚད་མཐོ་བའི་རྒྱུད་རྒྱུ་གོ་རིམ་འཇལ་ཆས་དང་། གཞི་ཁྱོན་ཆེ་བའི་ཕབས་རྩི་བླུག་སྣོད་སོགས་དཔྱད་ཆས་སྒྲིག་ཆས་གསར་པ་དག་ཀྱང་ཐོན་ལས་ཅན་དུ་བཀོལ་སྤྱོད་བྱེད་པར་མངོན་འགྱུར་བྱུང་ཡོད།
ཐོན་ལས་ཁྱུ་ཚོགས་ཀྱི་དགེ་མཚན་འབུར་དུ་ཐོན་པ་དང་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་། པེ་ཅིང་དང་ཐེན་ཅིན་སོགས་ཀྱི་ས་གནས་ནི་སྐྱེ་དངོས་བཟོ་སྐྲུན་གསར་གཏོད་ཀྱི་འབྱུང་གནས་སུ་གྱུར་བ་དང་། ཧྲན་ཏུང་དང་། ཧེ་ལུང་ཅང་། ཧི་ནན་སོགས་སུ་འབོར་ཆེན་སྐྱེ་དངོས་སྙོལ་བའི་ཐོན་རྫས་བཟོ་སྐྲུན་བྱེད་པའི་རྟེན་གཞི་གྲུབ། ཁྲུང་ཆིང་དང་ཀོང་ཏུང་སོགས་ཀྱི་ཐོག་མའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་སྐྱེ་དངོས་བཟོ་སྐྲུན་ཁྱབ་ཁོངས་སུ་ལོ་རེའི་ལས་གཉེར་ཡོང་འབབ་སྒོར་ཐེར་ཆེན་གཅིག་ལས་བརྒལ་བའི་རྐང་འཛིན་ཁེ་ལས་ཁག་ཅིག་གསོ་སྐྱོང་བྱས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོའི་ཁེ་ལས་དང་། རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་གྱི་གྱད་མི་ཆུང་ངུའི་ཁེ་ལས་བཅུ་ཕྲག་འགའ་གསར་སྣོན་བྱུང་། ཡུལ་བབ་དང་བསྟུན་ནས་ཁག་དང་པོའི་བར་དུས་ཚོད་ལྟ་ནུས་པ་འཛུགས་སྐྱོང་ལས་སྟེགས40ལྷག་དང་སྤུས་ལེགས་སྐྱེད་སྲིང་ལྟེ་གནས་སྐོར་ཞིག་གསོ་སྐྱོང་བྱས།