མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས21ཉིན། དགུ་ཚིགས་པ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་གནང་བའི“2025ལོའི་མཚོ་སྔོན་ཞིང་ཆེན་གཟུགས་འདས་རིག་གནས་ཤུལ་བཞག‘འབའ་སམ་སྨན་མར’རིག་གནས་ཁྲོམ་སྒྲོག”བྱེད་སྒོ་ཟི་ལིང་གྲོང་ཁྱེར་ཀྲུང་ཧུའེ་ཝན་ཏ་ཐང་ཆེན(中惠万达广场)དུ་སྤེལ། བྱེད་སྒོ་དེས“བོད་སྨན་གྱི་སྨན་རྒྱུད་མཆོག་ཏུ་གྱུར་བ་རྒྱུན་འཛིན་བྱས་ཏེ། གཟུགས་འདས་རིག་གནས་ཤུལ་བཞག་གི་ཁམས་གསོའི་འཚོ་བ་ལོངས་སུ་སྤྱོད”ཅེས་པ་བརྗོད་གཞིར་བཟུང་ནས་གཟུགས་འདས་རིག་གནས་ཤུལ་བཞག་ངོམ་སྟོན་དང་། བདེ་ཐང་འཆད་འཁྲིད། བརྟད་དཔྱད་མྱོང་རོལ། རིག་གནས་འཁྲབ་སྟོན་ལ་སོགས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་གྲོང་ཁྱེར་གྱི་སྡོད་དམངས་ལ་བོད་སྨན་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་བཤམས།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མགོ་གཙོ་དོན་ལེ་ཡིས་འདི་སྐད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི་བོད་སྨན་བྱ་གཞག་འཛིན་སྐྱོང་སྤེལ་གསུམ་གྱི་སྟོབས་ཤུགས་གཙོ་བོ་ཡིན་པའི་ཆ་ནས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བདེ་ཐང་སྙིང་བོར་བཟུང་སྟེ། བོད་སྨན་གྱི་རིག་གནས་གསོན་ཉམས་དང་ལྡན་པས་རྒྱུན་འཛིན་དར་སྤེལ་བྱེད་པ་ཞིག་ཡིན། ཐེངས་འདིའི་བྱེད་སྒོ་ནི་བོད་སྨན་འདི་ཉིད་དེང་རབས་ཀྱི་འཚོ་བར་ཉེ་བར་བཅར་ཏེ་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་ཞུ་བསྒྲུབ་པའི་ལག་ལེན་ཐེངས་ཤིག་ཡིན། གཙོ་བོ་མི་སྔར་ལས་མང་པོ་ཞིག་གིས་དེ་ལ་རྒྱུས་ལོན་དང་། ཡིད་ཆེས། དེ་ལས་ཕན་བདེ་ཐོབ་ཆེད་དུ་སྤེལ་བ་ཞིག་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རེན་གཞོན་པ་དོན་འགྲུབ་ཀྱིས་འདི་སྐད། བོད་སྨན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྨན་རྫས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ལས“འབའ་སམ་སྨན་མར”ནི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཡིན་པའི་ཆ་ནས་བདེ་ཐང་གི་རིག་གནས་དང“སྔོན་འགོག་སྔོན་བཅོས”ཀྱི་ཤེས་རབ་ཟབ་མོ་ཐེག་ཡོད། ཉེ་བའི་ལོ་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང(བོད)སྨན་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་ཚད་མེད་མཛད་དེ། སྨན་དེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་པའི་ཁྲོད་བླངས། རེ་བ་ཡིན་ན་ཡང“གཟུགས་འདས་རིག་གནས་ཤུལ་བཞག+ཁམས་གསོ+རིག་གནས་ཡུལ་སྐོར”སོགས་ཀྱི་གསར་གཏོད་རྣམ་པ་བརྒྱུད་དེ། བོད་སྨན་དེ་སྔོན་འགོག་དང་། ནད་གསོ། ཁམས་གསོ་ལ་སོགས་པའི་ཁྱབ་ཁོངས་སུ་ནུས་པ་ཆེན་པོ་ཞིག་བསྐྱེད་དེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་སྔར་ལས་ལྷག་པར་བསྐང་ཐུབ་རྒྱུ་དེ་ཡིན་ཟེར།
བྱེད་སྒོའི་ཡུལ་དངོས་སུ་མྱོང་རོལ་ཁུལ་ཆེན་པོ་དྲུག་བཀོད་སྒྲིག་བརྒྱབ་ཡོད་དེ། བོད་སྨན་གྱི་བརྟད་དཔྱད་ཁུལ། གཟུགས་འདས་རིག་གནས་ཤུལ་བཞག་གི་ལག་རྩལ་ངོམ་སྟོན་དང་མྱོང་རོལ་ཁུལ། བོད་སྨན་འཕྲོད་ཐབས་ཀྱི་ལག་རྩལ་མྱོང་རོལ་ཁུལ། བོད་སྨན་རིག་གནས་ངོམ་སྟོན་ཁུལ། ནད་གསོ་དང་ཁམས་གསོ་ཕན་ཚུན་བརྗེ་རེས་དང་སྨན་བསྟེན་མྱོང་དཔྱད་ཁུལ་བཅས་རེད། གྲོང་ཁྱེར་སྡོད་དམངས་ཀྱིས་ཡུལ་དངོས་སུ“འབའ་སམ་སྨན་མར”ལ་མྱོང་དཔྱད་དང་། གཡུག་བཅོས་གསོ་ཐབས་དང་། བོད་སྨན་སྦྱོར་སྨན་ལ་སོགས་སྲོལ་རྒྱུན་གྱི་ཕྱི་བཅོས་བྱེད་ཐབས་ལ་ཉམས་སུ་མྱངས་པ་མ་ཟད། ཁམས་གསོའི་སྦྱོང་བརྡར་གྱི་སློབ་ཁྲིད་དང་། བདེ་ཐང་ཤེས་བྱའི་དྲིས་ལན་ལ་སོགས་བྱེད་སྒོར་ཞུགས་ནས་ཕྱོགས་ཡོངས་ནས་བོད་སྨན་གྱི་ཐུན་མིན་གསོ་ཐབས་ལ་ཉམས་སུ་མྱངས།
“ཁམས་གསོའི་འཆད་ཁྲིད་ཆེན་མོ”སྤེལ་བའི་སྐབས་ལ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཁམས་གསོ་རྟེན་གཞིའི་སྒྲོལ་མ་རྒྱལ་གྱིས“བོད་སྨན་གྱི་དགུན་དུས་ཁམས་གསོ་སྐོར”བརྗོད་གཞིར་བཟུང་སྟེ་བདེ་ཐང་ཕྱོགས་ནས་འཆད་ཁྲིད་མཛད་པ་མ་ཟད། དེར་ཕེབས་ཀྱི་གྲོང་མིའི་བར་བརྗེ་རེས་བྱས་པས་ཡུལ་དངོས་བག་ཡངས་པའི་རྣམ་པས་ཁེངས། ཐེངས་འདིའི་རིག་གནས་ཁྲོམ་སྒྲོག་ཉིན་མོའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་གྱིས་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བདེ་ཐང་དམངས་ཕན་གཉིས་གཏིང་འདྲེས་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། “དུས་གཟེར་ཉེར་བཞི་ནས་མཚོ་སྔོན་གྱི་སྲོལ་རྒྱུན་ཀྲུང(བོད)སྨན་རྫས་ལ་མྱོང་རོལ་བྱེད”ཅེས་པའི་མུ་འབྲེལ་བྱེད་སྒོའི་གྲུབ་ཆ་ཞིག་ཀྱང་རེད། ཐེངས་འདིའི་བྱེད་སྒོ་ལ་བརྟེན་ནས་སྤྱི་དམངས་ཀྱིས་བོད་སྨན་རིག་གནས་ལ་ངོས་ཟིན་དང་ཁས་ལེན་གྱི་ཚད་ཇེ་མཐོར་བཏང་བ་མ་ཟད། དེང་རབས་སྤྱི་ཚོགས་ཀྱི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་དུའང་སྲོལ་རྒྱུན་སྨན་རྫས་ཀྱིས་ལམ་བུ་གསར་པ་ཞིག་མཁོ་འདོན་བྱས།
འབྱུང་འགྱུར། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་བོད་སྨན་གྱི་རྒྱུན་འཛིན་དང་གསར་གཏོད་མུ་མཐུད་དུ་རྒྱུན་བསྐྱངས་ཏེ། གཟུགས་མེད་རིག་གནས་ཤུལ་བཞག་དང་བདེ་ཐང་ཞབས་ཞུ་གཉིས་མཉམ་འདྲེས་ལ་ཤུགས་སྣན་དང་། བོད་སྨན་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་བཅས་བཏང་ནས་བདེ་ཐང་མཚོ་སྔོན་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྟོབས་ཤུགས་སྔར་ལས་མང་པོ་འབུལ་འཆར་ཡོད་དོ། །