གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་བོད་སྨན་ཚད་ལྡན་ཅན་དུ་བཟོ་བའི་ལས་ཀའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྨན་རྫས་གོང་སྤེལ་གྱི་ཁོར་ཡུག་རིམ་གྱིས་ལེགས་སྒྱུར་དང་། བོད་སྨན་ཚད་ལྡན་ཅན་དུ་བསྒྱུར་བའི་འཕེལ་རིམ་མུ་མཐུད་ཇེ་མགྱོགས་སུ་བཏང་བ་དང་བསྟུན་ཏེ། རྒྱལ་ཁབ་ཀྱི་ཚད་གཞི་ཡིས་སྣེ་ཁྲིད་ཅིང་། ལས་རིགས་ཀྱི་ཚད་གཞི་ཡིས་འདེགས་སྐྱོར། ས་གནས་ཀྱི་ཚད་གཞི་ཞིབ་ཕྲ་ཅན། ཚོགས་པའི་ཚད་གཞི་ཡིས་ཁ་གསབ་བཅས་ཕན་ཚུན་ཆད་གསབ་ཀྱི་མ་ལག་སྒྲོམ་གཞི་ཞིག་ཐོག་མར་བཙུགས། ད་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་ཀྲུང(བོད)སྨན་དང་འབྲེལ་བའི་ས་གནས་ཀྱི་ཚད་གཞི་ཁག86བཟོས་ཤིང་། ཚོགས་པའི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ཁག28སྣེ་ཁྲིད་ཐོག་གཏན་འབེབས་བྱས་ནས་བོད་སྨན་གྱི་རྒྱུན་འཛིན་དང་གསར་གཏོད། དར་སྤེལ་ལ་རོགས་བྱས།
རྒྱལ་ཁབ་ཀྲུང་སྨན་དོ་དམ་ཅུས་ཀྱིས་སློབ་སྟོན་དང་སྤུན་ཟླ་ཞིང་ཆེན་གྱིས་རྒྱབ་སྐྱོར་འོག ཞིང་ཆེན་ནང་ཁུལ་གྱི་ལག་རྩལ་དང་། ཞིང་ལས་ཞིང་གྲོང་། ནགས་རྩྭ། ཁྲོམ་ར་ལྟ་སྐུལ། སྨན་རྫས་ལྟ་སྐུལ། འཕྲོད་བསྟེན་བདེ་ཐང་། སྨན་བཅོས་འགན་སྲུང་ལ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག སྲིད་ཇུས་ཀྱིས་ནུས་པ་འདོན་པ་དང་། སྟེགས་བུ་གསར་འཛུགས། སྟོབས་ཤུགས་མཉམ་བསྡུས། ལག་གདང་མཉམ་སྦྲེལ་བཅས་ཀྱི་སྒོ་ནས་བོད་སྨན་གྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་། ཚད་གཞི་གཏན་འཁེལ་ལ་ལྟ་སྐུལ། ཐོན་ལས་སྤུས་ཚད་ཚད་ལྡན་ལ་སོགས་ཕྱོགས་སུ་ཤུགས་བཏོན་པས། བོད་སྨན་ཚད་ལྡན་ཅན་དུ་བསྒྱུར་བའི་ལས་ཀ་དེ“ཐར་ཐོར་འཚོལ་ཞིབ”ནས“མ་ལག་སྐུལ་འདེད”ཀྱི་དུས་རིམ་གསར་པ་ཞིག་ལ་བསླེབས་པ་དང་། ལས་ཀ་ཁག་ལ་ཡང་ཟུར་མང་པོ་ནས་ཐོལ་བརྒལ་བྱུང་། སྲིད་ཇུས་ཀྱི་རིམ་པ་ནས་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་ཀྲུང་སྨན་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཀྲུང་བོད་སྨན་རྫས་གོང་སྤེལ་འཆར་འགོད》ལ་སོགས་བཏོན་ནས་ཚད་ལྡན་ཅན་གྱི་བླང་བྱ་དེ་ནད་ཐོག་སྨན་བཅོས་དང་ཐོན་ལས་གོང་སྤེལ་གྱི་གོ་རིམ་ཧྲིལ་བོར་རྐྱ་འཐིབས་སུ་བཅུག་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་དུས་མཉམ་དུ་བོད་སྨན་དར་སྤེལ་གྱི་ས་གནས་སྲོལ་ཡིག་བཏོན།
ཚད་གཞི་གཏན་འཁེལ་གྱི་རིམ་པ་ནས་སྔ་གཞུག་ཏུ་བོད་སྨན་གྱི་བདག་སྐྱོང་དང་། ནད་ཐོ་འབྲི་བ་ལ་སོགས་པའི་ཞིང་ཆེན་ནང་ཁུལ་གྱི་སྟོང་ཆ་ཁ་གསབ་བྱས། 《མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ལས“བཙོ་ཐུལ”དང་དེའི་རྒྱུ་ཆའི་སྤུས་ཚད་ཀྱི་ཚད་གཞི་དང་འདུལ་སྦྱོང་ཚད་ལྡན》ལ་སོགས་གཏན་འབེབས་བྱས་ཏེ། བོད་སྨན་ཚད་ལྡན་གྱི་སྒོ་ནས་ཐོན་སྐྱེད་དང་། སྤུས་ཚད་ལ་ཚོད་འཛིན། བདེ་འཇགས་ཡིན་ལ་ཕན་ཆོད་ཆེ་བ་ཞིག་འཁྱོངས་བར་ལག་རྩལ་གྱིས་འདེགས་སྐྱོར་བྱས། སི་ཁྲོན་དང་ཡུན་ནན། བོད་ལྗོངས། ཀན་སུའུ་སོགས་ཞིང་ཆེན་དང་ལྗོངས་ཀྱིས་མཉམ་འབྲེལ་ཐོག《བོད་སྨན་གྱི་ནད་རིགས་དང་ཨང་རྟགས》གཏན་འཁེལ་བྱས་ཏེ། བོད་སྨན་གྱི་ནད་མིང་དང་ཚད་ལྡན་སྒྲིག་ཨང་རིགས3036ལེགས་སྒྲིག་བྱས་པ་དང་། དེ་དག་ལག་བསྟར་བྱས་རྗེས་རྒྱལ་ཡོངས་སུ་གཅིག་གྱུར་བྱས་པའི་བོད་སྨན་གྱི་རྒྱལ་ཁབ་རིམ་པའི་རིགས་དབྱེ་ཚད་གཞི་རུ་འགྱུར་རྒྱུ་རེད།
གྲུབ་འབྲས་བཀོལ་སྤྱོད་ཀྱི་རིམ་པ་ནས་རྒྱལ་ཁབ19ལས་ཀྲུང་སྨན་གྱི་དགེ་མཚན་ལྡན་པའི་ཚན་ཁག་དང་། ཞིང་ཆེན33གྱི་རྫོང་དང་མཉམ་སྐྲུན་བྱས་པའི་ཀྲུང(བོད)སྨན་གཙོ་གནད་ཆེད་ཚན་དམིགས་སུ་བཟུང་སྟེ། ཚད་ལྡན་ཅན་གྱི་དཔྱད་བཅོས་ལས་ཀ་སྤེལ་བ་དང་། བོད(སོག)གི་སྡེབ་ལུགས་མི་འདྲ་བ531ཅན་གྱི་སྨན3200དང་། མི་རིགས་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཁག564བཅས་སྨན་བཅོས་འགན་སྲུང་ཁྲོད་བླངས། སྨན་སྣ1784སྨན་ཁང235ཡི་སྨན་བཅོས་འགན་སྲུང་དུ་བཅུག གཞི་རིམ་ཀྲུང(བོད)སྨན་ཁང་ལ་གཞི་བཅོལ་ནས་གཅིག་གྱུར་གྱི་ཞབས་ཞུ་ཚད་གཞི་ལག་བསྟར་བྱས།
ས་ཁོངས་བརྒལ་བའི་མཉམ་ལས་ཀྱི་རིམ་པ་ནས། ལྗོངས་ཞིང་ལྔའི་བོད་སྨན་ཚད་ལྡན་ཅན་དུ་བསྒྱུར་བའི་མཉམ་ལས་སྒྲིག་སྲོལ་ནང་ཞུགས་ཏེ། མཉམ་དུ《བོད་སྨན་གྱི་གཞི་རྩའི་ཆེད་སྤྱོད་ཐ་སྙད་ཚད་ལྡན》ལ་སོགས་པའི་ཚད་གཞི་གཏན་འཁེལ་ལ་སྐུལ་འདེད་བཏང་སྟེ། འབྲེལ་ཡོད་ཀྱི་ཚད་གཞིའི་གྲུབ་འབྲས་དང་ལག་རྩལ་ཡིག་ཆ་མཉམ་སྤྱོད་བྱས་པ་དང་། ཚད་གཞི་ལག་བསྟར་གྱི་ཕན་ཆོད་དཔྱད་འཇོག་མཉམ་འབྲེལ་ཐོག་སྤེལ་ནས“ཚད་གཞི་མཉམ་འཛུགས་དང་། གྲུབ་འབྲས་མཉམ་སྤྱོད། ཉམས་མྱོང་ཕན་ཚུན་ཟུར་ལྟ”བཅས་ཀྱི་རྣམ་པ་ཆགས།