ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

ཟླ12པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཞིབ་འཇུག་པ་ཧྲིན་ཁྲའོ་ཞུན་གདན་དྲངས་ནས་ཁ་བྱང་ལ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཧྲིན་ཁྲའོ་ཞུན་གྱིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། 2026ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་གཙོ་གནད་ལས་འགན། འགག་རྩའི་ཤུགས་འདོན་ས་བཅས་ཡང་དག་པར་ཤེས་པར་བྱེད་པ་སོགས་ཀྱི་སྐོར་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་ཟུར་ཁྲིད་བྱས། ཚོགས་ཞུགས་བློ་མཐུན་ཚོས་བལྟས་ན། སྙན་ཞུའི་བརྗོད་དོན་གསལ་ཞིང་། ནང་དོན་ཕུན་སུམ་ཚོགས་ལ། ཆབ་སྲིད་ཀྱི་མཐོ་ཚད་དང་ལོ་རྒྱུས་ཀྱི་གཏིང་ཚད་མངོན་ཡོད་པར་མ་ཟད། གཞུང་ལུགས་ཀྱི་ཟབ་ཚད་དང་ལག་ལེན་གྱི་ཤུགས་ཚད་ཀྱང་མངོན་ཡོད་པས། དཔལ་འབྱོར་བྱ་བ་བཟང་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་བྱེད་པའི་ཐད་ནུས་པ་གལ་ཆེན་ལྡན་པར་འདོད།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི་ལོ་ལྔའི་འཆར་འགོད་གཉིས་སྦྲེལ་མཐུད་ཀྱི་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱེད་པ་དང་། ཐེངས་འདིའི་ཆེད་དོན་ཟུར་ཁྲིད་གོ་སྐབས་སུ་བཟུང་སྟེ། སྔར་ལས་ཟབ་སྦྱོང་མཐིལ་རྟོགས་དང་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱེད་པ། ལག་བསྟར་དོན་འཁྱོལ་སྟེང་ཤུགས་འདོན་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་ནས། སྔར་ལས་བརྟན་པའི་ཡིད་ཆེས་དང་དངོས་གཉེར་གྱི་སྤྱོད་ཚུལ། ཤུགས་ཡོད་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་པ་དང་དེར་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས། 

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།