ཀྲུང་གོའི་དམངས་གཙོའི་རྒྱལ་འཛུགས་ལྷན་ཚོགས་བཙུགས་ནས་ལོ་འཁོར80ལོན་པའི་ཚོགས་ཆེན་བསྡུས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་དམངས་གཙོའི་རྒྱལ་འཛུགས་ལྷན་ཚོགས་བཙུགས་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ12པའི་ཚེས17ཉིན་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

ཤིས་ཚིག་ཁྲོད་བཤད་རྒྱུར། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་བཙུགས་ནས་ལོ་འཁོར80ལོན་པའི་རིང་། ཐོག་མཐའ་བར་གསུམ་དུ་མཉམ་ལས་ཀྱི་ཐོག་མའི་ཕུགས་འདུན་བརྟན་སྲུང་དང་འབད་འཐབ་ཀྱི་འགན་འཁྲི་བློ་ལ་བརྟན་པོར་འཛིན་པ། རྒྱལ་གཅེས་དང་གསར་བརྗེའི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་བློ་སེམས་གཅིག་མཐུན་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ནས་འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་པ་ལྟར་ན། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ཉམས་ཚོད་ཡུན་རིང་མྱོང་བའི་གྲོགས་པོ་དང་སྟོབས་ཤུགས་གཅིག་སྒྲིལ་མཉམ་ལས་བྱེད་པའི་བློ་འདྲི་བ་དང་ལག་རོགས་པ་བཟང་པོ། ལས་རོགས་བཟང་པོ་བཅས་ཡིན་པའི་ངོས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གུང་ཁྲན་ཏང་དང་མཉམ་དུ་འདོད་པ་དང་། མཉམ་དུ་ལངས་པ། མཉམ་དུ་ལས་ཀ་ལས་པ་བཅས་ཡིན་པས། ཀྲུང་ཧྭ་མི་རིགས་སྟོབས་ཆེན་དུ་འགྲོ་བའི་རླབས་ཆེན་གྱི་མཆོང་སྐྱོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

ཤིས་ཚིག་ཁྲོད་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་འགོད་ཁྲོད་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བ་ལས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་མང་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དམངས་གཙོའི་ཏང་ཁག་གིས་ལས་སྒྲུབ་བྱེད་ནུས་ལག་བསྟར་དང་ནུས་པ་འདོན་སྤེལ་བྱེད་པར་གར་སྟེགས་དང་སྒུལ་ཤུགས་འདོན་སྤྲོད་བྱས་ཡོད།

ཤིས་ཚིག་ཁྲོད་བཤད་རྒྱུར། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་སྔོན་མའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་འཛུགས་སྐྱོང་དང་མཐོར་འདེགས་ཀྱི་འགན་འཁྲི་སྒྲུབ་པའི་ནུས་པར་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྒྱ་ཁྱབ་ཏུ་མི་སེམས་གཅིག་སྒྲིལ་དང་། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དང་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་གིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་བཙུགས་པའི་ལོ་ངོ80ཡི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས། ཚོགས་མི་ཡོངས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་དམ་ཟབ་ངང་མཐུན་སྒྲིལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་དང་བློ་གཅིག་སེམས་གཅིག་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་འབུལ་དགོས་པའི་འབོད་སྐུལ་བཏང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། ཐའེ་ཝན་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ་ཡིས་དམངས་གཙོའི་ཏང་ཁག་་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཤིས་ཚིག་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་ཆེན་ལ་ཞུགས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།