རྟེན་གཞི་གཅིག་གིས་ས་ཕྱོགས་ཤིག་གི་དཔལ་འབྱོར་ཧུར་པོར་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཕྱུགས་འཚོ་བ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་སྲོལ་རྒྱུན་ཐོན་ལས་རེད། སྲོལ་རྒྱུན་ཐོན་ལས་དེའི་རྨང་གཞིའི་སྟེང་། པད་མ་རྫོང་གིས་རང་ཡུལ་གྱི་སྤུས་ལེགས་ནགས་ལས་ཐོན་ཁུངས་ལ་རྐང་བཙུགས་ཏེ། གླ་བ་དང་ཤ་བ་གསོ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཁ་འཚོལ་སྙེག་བྱས་ཤིང་། རྫོང་ཁོངས་དཔལ་འབྱོར་གྱི“འཕར་གནས་གསར་པ”བཏོད།

པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་གླ་གསོ་རྟེན་གཞི་རུ་གླ་བ་ཞེས་པའི་རྩ་ཆེན་གྱི་སྲོག་ཆགས་ཤིག་གིས་ཡུལ་དེའི་དཔལ་འབྱོར་གྱི་རྣམ་པ་སྒྱུར་བཞིན་ཡོད། “ནགས་ཚལ་གྱི་སྒོ་ཕྱུགས”སུ་འབོད་པའི་ཤ་བའི་རིགས་ཀྱི་སྲོག་ཆགས་དེ་ལས་ཐོན་པའི་གླ་རྩི་ནི་ཀྲུང་བོད་སྨན་རྫས་རྩ་ཆེན་ཞིག་རེད།

2022ལོར། ང་ཚོས་སེ་ལེ་ཐང་གྲོང་རྡལ་གླ་གསོ་རྟེན་གཞིའི་སྒོ་ཕྱེ་བ་ཡིན་ལ། མིག་སྔར་གླ་བ30ཡོད། ཡར་ཐང་ཞང་སྒོ་མང་སྡེ་བའི་གླ་གསོ་རྟེན་གཞི་ནི་གཞི་ཁྱོན་ཅུང་ཆེ་ལ་ནང་དུ་གླ་བ100ལྷག་ཡོད། ཕོ་གླ་དར་མ་ཞིག་ལས་ལོ་རེར་གླ་རྩི་ཁེ18ཡས་མས་བླངས་ཆོག་པ་དང་། དེའི་རིན་ཐང་སྒོར་ཁྲི1ལྷག་ཡིན།”གླ་གསོ་རྟེན་གཞིའི་འགན་འཁུར་པ་ཞའེ་ཧྥ་ཁྲེང་གིས་རྩིས་ཤིག་བརྒྱབ་ནས“གླ130པོ་ཚང་མའི་སྟེང་ནས་གླ་རྩི་བླངས་ཆོག་ཚེ། ལོ་རེའི་ཐོན་རིན་སྒོར་ཁྲི100ལྷག་ལ་སླེབས་ཐུབ”ཟེར།

གླ་བ་གསོ་བའི་ཐོན་ལས་ནི་པདྨ་རྫོང་དུ་གློ་བུར་བྱུང་བ་ཞིག་མིན། པདྨ་རྫོང་གི་ནགས་ཚལ་གྱི་ཁེབས་རྒྱ་ཆེ་ལ་ནམ་ཟླ་བསིལ་བས་གླ་འཚོ་བར་ཤིན་ཏུ་འཚམ། གླ་བ་གསོ་བའི་ཐོན་ལས་ལ་རམ་འདེགས་ཀྱི་ཚུལ་དུ་ཤ་བ་གསོ་བའི་ཐོན་ལས་ཀྱང་དར། པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་ཧོར་སྐོར་སྡེ་བའི་ཤྭ་གསོ་རྟེན་གཞིའི་ཕྱི་རོལ་དུ་ཤ་བ་ལ་ལ་བག་ཡངས་སུ་རྒྱུ་བཞིན་ཡོད་ལ། ལ་ལས་མགོ་བོ་བསྒུར་ནས་རྩྭ་ཟ་བཞིན་འདུག

པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་བཀྲ་ཤིས་དོན་འགྲུབ་ཀྱིས་བཤད་པ་ལྟར་ན། “དྲི་ཞིམ་ཐོན་ལས”དང“ཤ་བའི་དཔལ་འབྱོར”ནི་པདྨ་རྫོང་གི་ཐོན་ལས་ཀྱི་བཀོད་སྟངས་ལེགས་སྒྲིག་བྱས་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ས་བབ་དང་བསྟུན་ནས་གླ་བ་དང་ཤ་བ་སོགས་ཁྱད་ལྡན་གསོ་སྤེལ་འཕེལ་རྒྱས་སུ་བཏང་ནས། ནོར་གནག་ཁོ་ན་གསོ་བ་ནས་ཁྱད་ལྡན་ཐོན་ལས་མང་པོ་གསོ་བའི་ལོ་རྒྱུས་རང་བཞིན་གྱིས་འགྱུར་ལྡོག་བྱུང་ཡོད།

ཁྱད་ལྡན་གསོ་སྤེལ་གྱི་དར་རྒྱས་གོང་འཕེལ་ལས་ལས་སྣོན་ཞིབ་མོའི་ཐོན་རྫས་རབ་དང་རིམ་པ་བྱུང་། པདྨ་རྫོང་གིས་གླ་རྩི་དང་ཤ་བའི་ཁྲག་རྭ། ཤྭ་ཁྲག་གི་ཆང་། ཤྭ་རྭ་སོགས་ཁྱད་ལྡན་གྱི་ཐོན་རྫས་གསར་པ་གསར་གཏོད་བྱས། ཐོན་ལས་ཕྲེང་འབྲེལ་ཧྲིལ་པོར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་པ་དང་། “རྟེན་གཞི+སྡེ་བ་ཐུན་མོང(མཉམ་ལས་ཁང)+རོང་འབྲོག་ཁྱིམ”གྱི་ཁེ་ཕན་མཉམ་འབྲེལ་གྱི་ནང་རྐྱེན་འཐུས་ཚང་དུ་བཏང་བས། དེ་དག་ནི་ནོར་གནག་ཐོན་ལས་ཀྱི་རྗེས་མཐུད་པའི་དཔལ་འབྱོར་གྱི་འཕར་གནས་ཤིག་ཏུ་གྱུར་ཡོད།

པདྨ་རྫོང་དུ་ཁྱད་ལྡན་འདེབས་འཛུགས་ཀྱང་ཁྱད་ལྡན་གསོ་སྤེལ་ལྟར་དར་ཡོད། སྨར་ཁོག་ཆུ་བོའི་འགྲམ་ངོགས་སུ་ཆགས་ཡོད་པའི་པདྨ་རྫོང་མཐོ་སྒང་ཤ་མོ་འདེབས་འཛུགས་དཔེ་སྟོན་རྟེན་གཞིར་སོང་བ་ན། དྲོད་ཁང་མང་པོ་གྲལ་ཕྲེང་བསྒྲིགས་ཡོད་ལ། དེའི་ནང་དུ་ཀོ་ཤ་དང་མོག་རོ་ནག་པོ་སོགས་ཀྱི་སྐྱེ་ཚུལ་ཤིན་ཏུ་བཟང་། ད་ལྟ་ཤ་མོའི་ས་བོན་འདེབས་འཛུགས་ནས་ཕྱིར་འཚོང་བར་གྱི་ཐོན་ལས་ཧྲིལ་པོའི་ཕྲེང་འབྲེལ་ཆགས་ཏེ། ཐོན་ལས་སྣ་མང་ཅན་དུ་འགྱུར་བའི་རམ་འདེགས་ཀྱི་གནས་ཤིག་ཏུ་གྱུར་ཡོད།

“མིག་སྔར། ང་ཚོས་གཙོ་བོ་ཀོ་ཤ་དང་མོག་རོ་ནག་པོ། ལུག་གྲོད་ཤ་མོ་སོགས་ཀྱི་དཔལ་འབྱོར་ལོ་ཏོག་འདེབས་བཞིན་ཡོད། ‘ནགས་ཐོན་ཤ་མོ་དང་མཉམ་འཚོ’ཡི་རྣམ་པ་འཚོལ་སྙེག་བྱས་ཏེ། སྨར་ཁོག་ཆུ་བོའི་ནགས་ཚལ་གྱི་མཐའ་འཁོར་དུ་རི་སྐྱེས་ཀོ་ཤ་ལད་ཟློས་ཀྱི་ཚུལ་དུ་བཏབ་པར། གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་ཐུབ་ལ། གཉིས་ནས་ཐོན་ལས་ཀྱི་རིན་ཐང་མཐོར་འདེགས་བྱེད་ཐུབ་སོང”ཞེས་རྟེན་གཞིའི་འགན་འཁུར་པ་ཝང་ཏེ་ཅུན་གྱིས་དེ་ལྟར་བཤད།

པདྨའི་ལུག་གྲོད་ཤ་མོ་དང་པདྨའི་མོག་རོ་ནག་པོ་གཉིས་ལ་མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས་ཀྱི་ནམ་ཟླའི་སྤུས་མཚག་གི“ཁྱད་འཕགས”ཁས་ལེན་ཐོབ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་ཕུལ་བྱུང་ཁྱད་ལྡན་གྲགས་ཅན་གྱི་ཞིང་ལས་ཐོན་རྫས་གསར་པའི་མིང་མཛོད་ཁྲོད་དུའང་ཚུད་ཡོད་ལ། ཐོན་ལས་དལ་མོར་དར་སྤེལ་གཏོང་བའི་རྣམ་པ་དེས་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་དེའི་ཁྱད་ལྡན་གྱི་མིང་བྱང་སྔར་བས་གསལ་པོར་བཏང་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།