རྨ་ཆེན་རྫོང་གིས་གཞི་རིམ་རྐང་འཛིན་པར་ནུས་ཤུགས་བསྩལ་ཏེ་གྲོང་གསེབ་དར་སྤེལ་གཏོང་བར་སྟོབས་ཤུགས་གཅིག་བསྡུས་བྱས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་དང་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་ཏེ། གཞི་རིམ་ལས་བྱེད་པས་གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་པའི་དངོས་འཐབ་ནུས་པ་དང་འགན་སྒྲུབ་ནུས་པ་གནད་ཁེལ་མཐོར་འདེགས་གཏོང་ཆེད། ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི2025ལོའི་ལོ་འཁོར་གྱི་གྲོང་གསེབ་དར་སྤེལ་ལྟ་སྦྱོང་གསོ་སྦྱོང་འཛིན་གྲྭའི(སྐབས་གཉིས་པ)མགོ་ཚུགས་མཛད་སྒོ་དེ་རྫོང་ཨུའི་ཏང་གི་སློབ་གྲྭ་རུ་སྤེལ། རྫོང་ཡོངས་ཀྱི་གྲོང་རྡལ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་དང་སྡེ་སྡོད་ལས་བྱེད་པ་བཅས་བསྡོམས་པས་མི46གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་སྟེང“གང་ཞིག་མི་འདང་ན་དེ་ཁ་གསབ་པ་དང་། ཅི་ཞིག་སྒྲུབ་ན་དེ་སྦྱོང་བ།”ཡི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རྫོང་ཁོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་དངོས་ཡོད་དགོས་མཁོར་དམིགས་ཏེ། རྣམ་པ“ཆེད་དོན་འཆད་ཁྲིད+ཡུལ་དངོས་སློབ་ཁྲིད+སློབ་མའི་གླེང་སྟེགས+བརྙན་ལམ་སློབ་ཁྲིད”སྣ་མང་ཅན་གསར་གཏོད་དང་བེད་སྤྱད་དེ། རིགས་པའི་གཞུང་ལུགས་བརྟན་པོ་དང་དངོས་སྦྱོང་རང་བཞིན་ཆེ་བའི་སྤུས་ལེགས་སློབ་ཚན་མ་ལག་བསྐྲུན། ནང་དོན་བཀོད་སྒྲིག་བྱེད་སྐབས་འབེན་ཕྱོགས་ཀྱི་ནུས་པ་འབུར་དུ་ཐོན་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་བ་དང་།འགན་འཁྲི་འཁུར་རྒྱུར་ཁྲིད་སྟོན་བྱས། གཉིས་ནས་དངོས་སྤྱོད་འདེགས་ནུས་ལ་དམིགས་ནས།ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་ནང་རྐྱེན་འབྲེལ་མཐུད་དང་། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་། བསྐྱར་དབུལ་འགོག་པའི་འགུལ་རྣམ་ལྟ་ཞིབ། ཞིང་སྡེའི“མ་དངུལ་གསུམ”གྱི་དོ་དམ་སོགས་ལྟེ་བའི་ལས་འགན་ལ་དམིགས་ནས་ཟུར་ཁྲིད་གནད་ཁེལ་བྱས་ཏེ། གཞི་རིམ་ལས་བྱེད་པའི་ནུས་པའི་ཞན་ཆ་ཁ་གསབ་བྱས། གསུམ་ནས་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུར་མཐོང་ཆེན་བྱས་ཏེ། ཟི་ལིང་དང་། ཧུའུ་ཀྲུའུ། ཧའེ་ཡན་སོགས་ཞིང་ཆེན་ནང་ཁུལ་གྱི་སྔོན་ཐོན་ས་ཁུལ་ཐོན་ལས་རྟེན་གཞིར་ཡུལ་དངོས་ལྟ་སྐོར་བྱེད་པར་སྒྲིག་འཛུགས་བྱས་ཤིང་།ཡུལ་དངོས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་རིགས་སྤུས་ཚད་མཐོར་འདེགས་དང་། གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་སོགས་ཀྱི་གསོན་ཉམས་ལྡན་པའི་ཉམས་མྱོང་སློབ་སྦྱོང་བྱས་ཏེ། སློབ་མའི་འཕེལ་རྒྱས་ཀྱི་བློ་རྒྱ་བསྐྱེད་ལ་གནད་དོན་ཐག་གཅོད་པའི་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།

མགོ་ཚུགས་མཛད་སྒོའི་སྟེང་གཞི་རིམ་ལས་བྱེད་པ་ནི་གྲོང་གསེབ་དར་སྤེལ་གཏོང་བའི“གཙོ་ཤུགས་དམག”དང་སྲིད་ཇུས་ལག་ལེན་བསྟར་བའི“མཇུག་མཐའི་སྤྱི་ལེ་གཅིག”ཡིན་པས། ནུས་པ་དང་བྱང་ཚད་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་གྲོང་གསེབ་འཕེལ་རྒྱས་ཀྱི་སྤུས་ཚད་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད། ཚོགས་འདུའི་ཐོག་སློབ་མ་ཡོངས་ལ་བླང་བྱ་གསུམ་བཏོན་པ་ནི། གཅིག ལངས་གནས་མཐོར་འདེགས་དང་ངོས་འཛིན་གཏིང་ཟབ་གཏོང་བ་དང་། གསོ་སྦྱོང་གི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། འགན་འཁྲི་ཆེ་བའི་བསམ་པ་བཅངས་ཏེ་སློབ་སྦྱོང་བྱེད་པ། གཉིས། ཕན་འབྲས་ལ་མཐོང་ཆེན་བྱས་ནས་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྣེ་ཁྲིད་དང་། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ལས་འགན་ལ་དམིགས་ནས། དོགས་གནད་སེལ་ཆེད་སློབ་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཤེས་རྟོགས་བྱེད་པ། སྔོན་ཐོན་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་རང་ས་གནས་ཀྱི་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་དགོས། གསུམ། སྒྲིག་ཁྲིམས་སྲུང་ནས་སྤྱོད་ཚུལ་གསར་པ་འཛུགས་པ་དང་། “མི་ཆོག་པ་དགུ”ཡི་བླང་བྱ་དངོས་འབེབས་བྱས་ཏེ། རྩ་འཛུགས་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་སྒྲིག་ཁྲིམས་ལ་རང་རྟོགས་ངང་བརྩི་སྲུང་བྱས་ཏེ། སློབ་སྲོལ་བཟང་པོ་སྦྱོང་བརྡར་བྱས་ནས་གསོ་སྦྱོང་བྱེད་སྐབས་བཟོ་རྟ་མི་བྱེད་པར་གྲུབ་འབྲས་དངོས་ཐོབ་པར་འགན་སྲུང་བྱ་དགོས།

ཐེངས་འདིའི་གསོ་སྦྱོང་སྟེང་། གཞི་རིམ་ལས་བྱེད་པར་ཐོས་བསམ་མྱོང་རྟོགས་དང་ཕན་ཚུན་སྐུལ་འདེད་མཉམ་སྤེལ་བྱེད་པའི་སྤུས་ལེགས་སྟེགས་བུ་བསྐྲུན་ཡོད།རྨ་ཆེན་རྫོང་ཨུའི་ཏང་གི་སློབ་གྲྭས་རྒྱུན་མཐུད་ངང་གསོ་སྦྱོང་གྲུབ་འབྲས་དངོས་བསྒྱུར་དམ་འཛིན་བྱས་ནས། སློབ་མར་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། གོང་འོག་མཉམ་འགུལ་དང་། མཉམ་འཛིན་མཉམ་གཉེར་གྱིས་གྲོང་གསེབ་དར་སྤེལ་གྱི་སྡོམ་ཤུགས་གཅིག་སྡུད་བྱས་ཏེ། རྫོང་ཡོངས་ཀྱི་གྲོང་གསེབ་དར་སྤེལ་བྱས་པ་སྤུས་འདེགས་ནུས་འཕར་ཡོང་བ་དང་།དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཆེན་པོ་བསྩལ།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།