རང་ཞིང་ལ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་གཟི་བརྗིད་མཚན་སྙན་ཐོག་མ་ཐོབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྨ་སྟོད་རྫོང་གི་ཕྱོགས་མང་དབུལ་པོ་ཉུང་གཏོང་གི་ལག་ལེན་དཔེ་མཚོན་དེ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་ཡག་ཤོས་སུ་བདམས།

ཏག་ཏག་མཇུག་བསྒྲིལ་མ་ཐག་པའི2025ལོའི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་རོགས་ཟླའི་བགྲོ་གླེང་ཚོགས་འདུའི་སྟེང་། སྐབས་དྲུག་པའི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་གྱོད་དཔེ་བསྡུ་རུབ་བྱེད་པའི་བྱ་འགུལ་གྱི་བྱ་དགའ་ཐོབ་པའི་གྱོད་དཔེ་མིང་ཐོ་ཁྱབ་བསྒྲགས་བྱས།  རང་ཞིང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་དམངས་སྲིད་གཞུང་དང་། པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱིས་རེ་ཞུ་བྱས་པའི《 ལྗང་མདོག་དབུལ་པོ་ཉུང་གཏོང་དང་སྐྱེ་ཁམས་དར་རྒྱས་ཞེས་པའི་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་གི་ཕྱོགས་མང་དབུལ་པོ་ཉུང་གཏོང་གི་ལག་ལེན་གྱོད་དཔེ》དེ་གོ་ལ་ཧྲིལ་པོའི་དཔྱད་བསྡུར་ལ་ཞུགས་པའི་གྱོད་དཔེ་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ་དབུལ་པོ་ཉུང་གཏོང་གི་གྱོད་དཔེ་ཡག་ཤོས་ཀྱི་མཚན་སྙན་ཐོབ།  བྱ་དགའ་དེ་ནི་རང་ཞིང་ལ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་སུ་ཐོབ་པའི་མཚན་སྙན་ཐོག་མ་དེ་རེད།

གྱོད་དཔེ་དེ་རྨ་སྟོད་རྫོང་གི“གཙང་གསུམ་འབྱུང་ཁུངས་ཀྱི་ལྟེ་བའི་ཁུལ”གྱི་སྐྱེ་ཁམས་ཀྱི་གནས་ངེས་ལ་གཞི་ཚུགས་པ་དང“སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་པོ་ཉུང་གཏོང་གི་ཡོང་འབབ་འཕར་སྣོན་གྱི་ཕྱོགས་གཉིས་ནུས་སྤེལ”ལྟེ་བའི་གཏན་ཚིགས་སུ་བྱས་ཏེ། ས་གནས་དེའི་གསར་གཏོད་ཀྱི་ལག་ལེན་མ་ལག་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད། རྨ་སྟོད་རྫོང་གི་ཉམས་མྱོང་ནི་ཀྲུང་གོའི་དབུལ་སྐྱོར་མཁྲེགས་གཏོར་གྱི“གནད་ལ་འཁེལ་བའི་དབུལ་སྐྱོར”འཐབ་ཇུས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཡིན་པར་མ་ཟད། འཛམ་གླིང་དང་ལྷག་པར་དུ་སྐྱེ་ཁམས་ཉམས་ཞན་དང་ཐག་རིང་གི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁོངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དམིགས་འབེན་དང་པོ་སྟེ། “རྣམ་པ་གང་རུང་གི་དབུལ་ཕོངས་མེད་པར་བཟོ་དགོས”ཞེས་པ་མངོན་འགྱུར་བྱེད་པའི་འདྲ་བཟོའི་ཇུས་གཞི་འདོན་སྤྲོད་བྱས་ཡོད། གྱོད་དཔེ་དེའི་སྟེང་ནས་རྙོག་འཛིང་ཆེ་བའི་ཁོར་ཡུག་ཏུ་མ་ལག་བཅོས་སྐྱོང་དང་། སྣ་མང་ཐེ་ཞུགས། སྐྱེ་ཁམས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཚེ།  གཞི་ནས་གཏིང་ཟབ་པའི་སྒོ་ནས་དབུལ་པོ་ཇེ་ཉུང་དུ་གཏོང་བ་དང་ཡུན་རིང་ལས་ཆོད་དབུལ་སྐྱོར་དངོས་སུ་མངོན་འགྱུར་བྱེད་ཐུབ་རྒྱུ་ཡིན་པ་གསལ་བཤད་བྱས་ཡོད།  མ་འོངས་པར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་དབུལ་ཕོངས་བཅོས་སྐྱོང་དེ་ས་གནས་ཀྱི་རིག་གནས་ལ་བརྩི་འཇོག་དང་། རང་ཡུལ་གྱི་ནུས་པར་ཤུགས་སྣོན་བྱེད་པ། མཉམ་འགུལ་གྱི་ལྗང་མདོག་འཕེལ་རྒྱས་བཅས་ཀྱི་རྨང་གཞིའི་སྟེང་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། མཉམ་དུ“དབུལ་ཕོངས་མེད་པའི་འཛམ་གླིང་ཞིག་གི་ཕྱོགས་སུ་བསྐྱོད་དགོས།”

གྱོད་དཔེ་འབྲི་བ་དང་ཞུ་འབུལ་བྱེད་པའི་འགན་འཁུར་མཁན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིའུ་ཁྲེན་ཚོགས་པའི་འགན་འཁུར་མཁན་གྱིས་བལྟས་ན། གཟི་བརྗིད་དེ་འདྲ་ཐོབ་པ་དེའི་སྟེང་ནས་རྨ་སྟོད་རྫོང་གི་ལྗང་མདོག་དབུལ་པོ་ཉུང་གཏོང་དང་། སྐྱེ་ཁམས་དར་རྒྱས་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་ལེན་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་ཁས་ལེན་ཐོབ་པ་མཚོན་གྱི་ཡོད་པ་དང་། འཛམ་གླིང་ལ་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ།  གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་དང་སྐྱེ་ཁམས་བཅོས་སྐྱོང་ཁྱབ་ཁོངས་སུ་མཚོ་སྔོན་གྱི་གཏམ་བཤད་དབང་ཆ་ཆེ་རུ་ཕྱིན་པ་མཚོན་ཡོད་པར་འདོད།

རྒྱུས་ལོན་བྱུང་བ་ལྟར་ན།  གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་གྱོད་དཔེ་བསྡུ་རུབ་བྱེད་པའི་བྱ་འགུལ་དེ་ཀྲུང་གོའི་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་ལྟེ་གནས་དང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས།  རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ། ཀྲུང་གོ་དྲ་སྦྲེལ་གསར་འགྱུར་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། ལས་ཁུངས་སོ་སོས་གྱོད་དཔེ་ཡི་རྒྱུན་མཐུད་རང་བཞིན་དང་། བཀོལ་སྤྱོད་རང་བཞིན།  ཁྱབ་སྤེལ་རང་བཞིན། བཀོལ་སྤྱོད་ཀྱི་རྣམ་པ་སོགས་ལ་གཞིགས་ནས། མཐར་གྱོད་དཔེ་ཡག་ཤོས108འདེམས་སྒྲུག་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་འབྱུང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། འཛམ་གླིང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་འབྱུང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། “གཅིག་ཀྱང་རྗེས་སུ་མི་ལུས་པར་བྱེད་པའི”ཐུན་མོང་འཕེལ་རྒྱས་ཀྱི་རྩ་དོན་ལག་ བསྟར་བྱེད་པར་རྒྱལ་ཁབ་སོ་སོའི་ཇུས་གཞི་འདོན་སྤྲོད་དང་རྒྱལ་ཁབ་སོ་སོའི་བློ་གྲོས་ཕུལ་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།