ཧྲིན་དབྱི་ཆིན་གྱིས་ཀོང་ཏུང་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཉེ་ཆར་ཀོང་ཏུང་དུ་རྐང་རྩེད་སྤོ་ལོ་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་རྐང་རྩེད་སྤོ་ལོའི་གཞོན་ནུ་སྦྱོང་བརྡར་མ་ལག་འཛུགས་སྐྱོང་བྱེད་པར་མྱུར་ཏུ་སྐུལ་འདེད་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་དམངས་འཚོ་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་དགོས། 

ཚེས14ནས་ཚེས16ཉིན་བར་ཧྲིན་དབྱི་ཆིན་སྔ་རྗེས་སུ་ཀོང་ཀྲོའུ་གྲོང་ཁྱེར་དང་། ཧྲེན་ཀྲེན་གྲོང་ཁྱེར། ཀྲུའུ་ཧའེ་གྲོང་ཁྱེར་བཅས་སུ་ཕེབས་ནས་རྐང་རྩེད་སྤོ་ལོའི་གཞོན་ནུ་སྦྱོང་བརྡར་རྟེན་གཞི་དང་། རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་། ཚན་རྩལ་གྱིས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཁེ་ལས། དམིགས་བསལ་སློབ་གསོའི་ཁམས་གསོ་བུ་བཅོལ་ཁང་། དབང་པོ་སྐྱོན་ཅན་བདེ་ཐང་དང་རམ་འདེགས་རང་བཞིན་གྱི་ལས་ཞུགས་ལས་ཁུངས་བཅས་སུ་གཏིང་ཟབ་ཏུ་ཕེབས་ནས། དབང་པོ་སྐྱོན་ཅན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། རྐང་རྩེད་སྤོ་ལོའི་གཞོན་ནུ་སྦྱོང་བརྡར་དང་དབང་པོ་སྐྱོན་ཅན་གྱི་དམངས་འཚོ་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་འདྲི་རྟོགས་མཛད་པར་མ་ཟད། ས་གནས་སྲིད་གཞུང་དང་གཞོན་ནུ་སྦྱོང་བརྡར་སྒྲིག་གཞིའི་འཐུས་མི་དང་བཞུགས་མོལ་གནང་བ་རེད། 

ཁོང་གིས་བསྟན་དོན། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་བཙུགས་ནས། ཡུན་རིང་ལ་ལེགས་སྐྱེས་ཕུལ་ནས་གཞོན་ནུ་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་སྒྲུབ་སྲིད་གཞུང་དང་ནུས་ལྡན་ཁྲོམ་ར་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མགྱོགས་མྱུར་ངང་རིམ་པ་སོ་སོའི་གཞོན་ནུའི་སྦྱོང་བརྡར་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སློབ་གྲྭའི་རྐང་རྩེད་སྤོ་ལོ་དང་། སྤྱི་ཚོགས་ཀྱི་གཞོན་ནུའི་སྦྱོང་བརྡར། ལས་རིགས་སྤྲོ་སྐྱིད་ཁང་གི་གཞོན་ནུའི་སྦྱོང་བརྡར་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྩལ་ཁྲིད་པའི་དཔུང་ཁག་གི་གཞི་ཁྱོན་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་ནས། གཞོན་ནུ་ལོ་ཆུང་གི་འགྲན་བསྡུར་མ་ལག་འཐུས་ཚང་དུ་གཏོང་དགོས། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་དུང་གསོ་སྐྱོང་བྱ་དགོས། 

ཁོང་གིས་ནན་གྱིས་བསྟན་དོན། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ལས་ཞུགས་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྱིས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། སྔོན་ཐོན་ཚན་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ལ་རོགས་རམ་བྱ་དགོས། ལོ་མཇུག་ཏུ། དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅར་འདྲི་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱེད་པ། ཞབས་ཞུའི་སྒྲིག་གཞིའི་བདེ་འཇགས་དོ་དམ་འགན་འཁྲི་དམ་ཟབ་དུ་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ལ་དགུན་ཁར་དྲོད་སྐྱིད་དང་དུས་ཆེན་བདེ་འཇགས་ངང་སྐྱིད་པོ་ཡོང་བར་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།