ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས་ཟླ12པའི་ཚེས་17ཉིན་ཁྱབ་སྒྲོག་བྱས་པའི་བརྡ་ཐོ་ལྟར་ན། 2030ལོར་ཞབས་ཞུའི་ནུས་པ་འོས་སྦྱོར་ཚད་གཞིར་སླེབས་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཉུང་མཐར་ཡང་ཁྱད་ཆོས་ལྡན་པའི་ཚན་ཁག་གཅིག་བསྐྲུན་ནས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གཞན་དག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྱད་ཆོས་ལྡན་པའི་ཚན་ཁག་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་རྒྱུ་རེད།
《གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཁྱད་ཆོས་ལྡན་པའི་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》འདིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཚན་ཁག་ཡོངས་ཀྱི་སྨན་བཅོས་ཚན་ཁག་དང་། ཀྲུང་ལུགས་གསོ་རིག་ཚན་ཁག སྔོན་འགོག་བདེ་སྲུང་ཚན་ཁག་སོགས་ལས་སྒོ་དང་དེ་བཞིན་སྨན་བཅོས་ལག་རྩལ་ཚན་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག ནད་ཐོག་ཚན་ཁག་འགའ་ཞིག་འཛུགས་སྐྲུན་བྱེད་ཤུགས་གཙོ་གནད་ཐོག་ཆེ་རུ་བཏང་སྟེ། ས་ཁོངས་ངེས་ཅན་ཞིག་གི་ཁྱབ་ཁོངས་ནང་གཞི་རིམ་གྱི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ཚན་ཁག་ཆགས་པར་བྱས་ནས། མང་ཚོགས་ཉེ་འགྲམ་དུ་སྨན་བཅོས་བྱེད་བདེ་ཡོང་བ་བྱེད་དགོས་པར་བཏོན་ཡོད།
ཚན་ཁག་འཛུགས་པར་ཤུགས་སྣོན་རྒྱུའི་ཐད། མཛུབ་ཁྲིད་བསམ་འཆར་ནང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱུན་མཐོང་གི་ནད་དང་། འབྱུང་མང་གི་ནད། བརྟག་དཔྱད་གསལ་པོ་ཡོད་པའི་གཅོང་ནད་སོགས་ལ་གཞི་ཚུགས་དགོས་པ་དང་། བྱིས་ནད་ཚན་ཁག་དང་མོ་ནད་ཚན་ཁག བདེ་ཐང་གསོ་རིག་ཚན་ཁག སེམས་ཁམས་ཚན་ཁག དབང་ལྔ(ཁ་སྦུག)ཚན་ཁག་སོགས་གཙོ་གནད་ཚན་ཁག་སྔོན་ལ་འཕེལ་རྒྱས་གཏོང་དགོས་པ་དང་། ཚན་ཁག་གི་མིང་དེ་སྨན་བཅོས་ཚན་ཁག་དང་འཚམ་པར་བྱེད་དགོས་ཞེས་ཁ་གསལ་བཟོས་ཡོད།
ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ཐད། ཁྱད་ཆོས་ལྡན་པའི་ཚན་ཁག་གིས་གཙོ་གནད་དུ་ཤང་གྲོང་འཕྲོད་བསྟེན་སྨན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཞབས་ཞུའི་ནུས་པའི་ཚད་གཞིའི་ནང་གི་གཞི་རྩའི་ནད་རིགས་དང་ཟུང་འབྲེལ་བྱས་ནས་ཞབས་འདེགས་ཞུ་དགོས། རྩ་དོན་ཐོག་ཁྱད་ཆོས་ལྡན་པའི་ཚན་ཁག་ཁེར་རྐྱང་གིས་བསྟུད་མར་ལོ་གསུམ་གྱི་སྨན་བཅོས་བྱེད་ཚད་མི་ཐེངས3000ལས་མི་ཉུང་བ་བྱ་དགོས(མི་འབོར་ཁྲི10མན་གྱི་རྫོང་གིས་དེ་བསྟུན་གྱིས་ཉུང་དུ་བཏང་ཆོག)ལ་ཡང་ན་ལས་ཁུངས་ཀྱི་སྨན་བཅོས་བྱེད་ཚད་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད10%ལས་མི་ཉུང་བ་དང་། སྨན་ཁང་དུ་སྡོད་པའི་ཞབས་ཞུ་སྤེལ་ཚེ། སྨན་ཁང་དུ་ཞུགས་པའི་མི་གྲངས་ཀྱིས་ལས་ཁུངས་ཀྱི་སྨན་ཁང་དུ་ཞུགས་པའི་མི་གྲངས་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ཀྱི10%ལས་མི་ཉུང་བ་བྱ་དགོས།
མཛུབ་ཁྲིད་བསམ་འཆར་ལས། ད་དུང་ཚན་ཁག་གི་མི་སྣ་ཆ་ཚང་བཀོད་སྒྲིག་དང་། ཚན་ཁག་གི་དོ་དམ་ཚད་ལྡན། སྨན་བཅོས་སྤུས་ཚད་དོ་དམ་ལ་ཤུགས་སྣོན། སྨན་བཅོས་མཉམ་འབྲེལ་ཚོགས་པའི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་སོགས་ཀྱི་ཐད་ནས་གཏན་འབེབས་བྱས་ཡོད། །