ཟླ12པའི་ཚེས17ཉིན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་ཀྱི་མུ་འབྲེལ་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཆེད་དོན་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཁོངས་མི། ཁོར་ཡུག་ལྟ་ཞིབ་ཆེད་དོན་པ་དབྱིན་ཡཱ་ཆི་ཡིས་གཏམ་བཤད།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ་རྒྱུན་འཁྱོངས་གསུམ་གྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་སྐྱེ་ཁམས་བྱེད་ནུས་ཀྱི་ཆེས་ཆེ་བའི་ལས་འགན་གཙོ་བོ་མངོན་འགྱུར་བྱེད་པ། འབག་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་བཟང་བོར་རྒྱག་པ་བཅས་ལ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཞིག་གསོ་བཅོས་སྐྱོང་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་དང་སྤུས་ཚད་རྒྱུན་མཐུད་ངང་ཇེ་བཟང་དུ་གྱུར། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་འབག་བཙོག་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་ཤུགས་ཚད་ཆེ་རུ་གཏོང་བ། ཁོར་ཡུག་ལེགས་བཅོས་ཕན་འབྲས་ཇེ་བཟང་དུ་གཏོང་བ་བཅས་ཀྱི་ཐད་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་བླངས་ཏེ་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཉིན་རེ་བཞིན་མི་སེམས་སུ་འཇགས་པར་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་པའི་སྐྱེ་ཁམས་ཁོར་ཡུག་ལས་ཐོབ་པའི་ཐོབ་ཚོར་དང་བདེ་ཚོར། སྐྱིད་སྣང་བཅས་མངོན་གསལ་མཐོར་འདེགས་བྱུང་།
ལོ་ལྔའི་རིང་ལ། རང་ཞིང་གིས་མུ་མཐུད་དུ་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་བླངས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཞིག་གསོའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གྱུར་བ་དང་། སྐྱེ་ཁམས་མ་ལག་བརྟན་འཇགས་མཐོར་འདེགས་བྱུང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་གི་ཆེད་དོན་མ་དངུལ་བརྩོན་ལེན་བྱས་པའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་སྟེ་ལས་གཞིར་བརྟེན་ནས་བཅོས་སྐྱོང་ཤུགས་ཚད་ཆེ་རུ་བཏང་། ལམ་ལུགས་དང་ཁྲིམས་སྐྱོང་ནན་མོར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་བཅོས་སྐྱོང་སྲིད་ཇུས་ཐད་ནས་ཐོལ་བརྒལ་བྱུང་བ་དང་། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར། ཚན་རྩལ་ལ་བརྟེན་ནས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། ལྟ་ཞིབ་ཚད་ལེན་ལག་རྩལ་གྲངས་རིག་ཅན་གྱི་ཚུལ་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ཞིང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་གིས་དཔེ་སྟོན་ཁུལ་གྱི་སྐྱེ་ཁམས་ཀྱི་རིགས་དང་རང་བྱུང་མཛེས་ལྗོངས་ཁུལ། རི་སྐྱེས་སྲོག་ཆགས་བཅས་ཀྱི་བར་ཐག་རིང་བ་དང་ཁྱབ་ཁོངས་ཆེ་བ། ཕྱོགས་ཡོངས་བཅས་ཀྱི་དུས་ཐོག་གི་ལྟ་ཞིབ་ཚད་ལེན་བྱ་བ་མངོན་འགྱུར་བྱུང་།
དབྱིན་ཡཱ་ཆི་ཡིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཤུགས་ཚད་ཆེ་བ་དང་གྲུབ་འབྲས་མངོན་གསལ་བླངས་པའི་ལོ་ལྔ་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་འབད་འཐབ་བྱས་པའི་འབྲས་བུ་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམིགས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། ཚད་གཞི་སྔར་ལས་མཐོན་པོས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་བ། སྔར་ལས་ནུས་ཡོད་སྒོས་སྐྱེ་ཁམས་ཁོག་ཡུག་ཐད་ཀྱི་བདེ་འཇགས་ཉེན་ཁ་འགོག་སྲུང་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བསྟན།