《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག 》2026ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་ཆོག་མཆན་སྤྲད་དེ།《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག》དེ2026ལོའི་ཟླ2ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཁྱབ་སྒྲོག་བྱས་འདུག སྲོལ་ཡིག་དེ་ནི་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་སྤེལ་དང་། དཔེ་ཀློག་གི་སྤྱི་ཚོགས་དར་སྤེལ་ལ་སྐུལ་འདེད། དམངས་ཡོངས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཆེ་ཆེར་བསྐྱེད་པ། སྤྱི་ཚོགས་དཔལ་ཡོན་གྱི་རིམ་པ་ཇེ་མཐོར་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་མངའ་ཐང་དར་སྤེལ་ལ་སྐུལ་འདེད་བཅས་གཏང་ཕྱིར་བཟོས་པའི་སྲོལ་ཡིག་ཅིག་རེད།
  སྲོལ་ཡིགའདི་ཁྱབ་སྒྲོག་བྱས་པ་ནི། དམངས་ཡོངས་ཀྱི་དཔེ་ཀློག་དེ“སྲིད་ཇུས་ཀྱིས་སྣེ་ཁྲིད་པ”ནས“ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པའི”ཕྱོགས་སུ་བསྒྱུར་བའི་མཚོན་རྟགས་རེད།
   དེ་ཡང་སྲོལ་ཡིག་གི་ནང་དོན་གཙོ་བོ་གཤམ་དུ་བཀོད་ན་འདི་ལྟར། 
  སྤྱི་ཕན་རང་བཞིན་དང་། གཞི་རྩ་རང་བཞིན།  ཆ་སྙོམས་རང་བཞིན། སྟབས་བདེ་རང་བཞིན་གྱི་བླང་བྱ་ལྟར་དུ། དཔེ་ཀློག་གི་སྲོལ་བཟང་དམངས་ཡོངས་ལ་ཁྱབ་ཅིང་། དཔེ་ཀློག་གི་ཕན་བདེ་ཀུན་ལ་འབྱུང་པའི་དམངས་ཡོངས་དཔེ་ཀློག་ལ་འཇུག་པའི་སྐུལ་སྤེལ་མ་ལག་བཟོ་དགོས།
   རྒྱལ་ཁབ་ཀྱིས་དཔེ་ཀློག་གི་ནང་དོན་གོ་སླ་ཞིང་དོན་ལྡན་པ། རིག་གནས་ཀྱི་ཁྱད་ཆོས་མངོན་པ། རྣམ་པ་སྣ་ཚོགས་ཀྱི་དམངས་ཡོངས་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་བར་ཡར་སྐུལ་དང་། དམངས་ཡོངས་དཔེ་ཀློག་ལ་འཇུག་པའི་ཁྱབ་གདལ་བྱེད་སྒོ་དེ་ས་གནས་ཁག་དང་ལས་རིགས་ཁག་བར་གྱི་ཁྱད་ཆོས་ལ་སྦྱར་ནས་དར་སྤེལ་གཏང་དགོས།
   ལོ་རེའི་ཟླ་བ4བའི་གཟའ་འཁོར་བཞི་བ་དེ་དམངས་ཡོངས་དཔེ་ཀློག་གི་བྱེད་སྒོ་གཟའ་ལ་གཏན་འཁེལ་བྱས།
   རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཞི་རྩའི་སྤྱི་གཞུང་རིག་གནས་ཞབས་ཞུར་བཏོན་པའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། འཆར་གཞི་ཡོད་པའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་བཀོལ་བདེ་ལ་ཞབས་ཞུའི་ཕན་ཆོད་ཆེ་བའི་དམངས་ཡོངས་དཔེ་ཀློག་ལ་འཇུག་པའི་སྒྲིག་ཆས་བཀོད་སྒྲིག་བྱ་དགོས་པ་དང་། གནས་ཚུལ་དངོས་ལ་གཞིགས་ཏེ་སྲིད་ཇུས་བྱེད་ཐབས་བཏོན་ནས་དཔེ་ཚོང་ཁང་དར་སྤེལ་ལ་རྒྱབ་སྐྱོར་བྱ་དགོས།
   སྤྱི་གཞུང་དཔེ་མཛོད་ཁང་གིས་རིན་མེད་ཀྱིས་མང་ཚོགས་ལ་དཔེ་ཀློག་ཁང་དང་། རང་སྦྱོང་ཁང་གི་སྒོ་ཕྱེས་ཏེ། ཅོག་ཙེ་དང་རྐུབ་སྟེགས་བཀོད་སྒྲིག་བྱས་ནས་དཔེ་ཀློག་ལ་མཁོ་བའི་ཞབས་ཞུ་འདོན་དགོས།
   ཆ་རྐྱེན་དང་མཐུན་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་ས་དག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ནང་བཞིན་རིན་མེད་དམ་གཟིགས་སྐྱོང་ཡོད་པའི་སྒོ་ནས་མང་ཚོགས་ལ་སྒོ་ཕྱེས་དགོས་པ་དང་། སྒོ་ཕྱེ་བའི་དུས་ཚོད་ཁྱབ་སྒྲོག་བྱ་དགོས། ཆ་རྐྱེན་ཡོད་པའི་དམངས་ཡོངས་དཔེ་ཀློག་བྱེད་སས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་གྱི་གུང་གསེང་དང་ངལ་གསོ་ཉིན་མོ། སློབ་གྲྭའི་དབྱར་དགུན་གྱི་གནང་བ་བཅས་ཀྱི་སྐབས་ལ་སྒོ་ཕྱེས་པའི་དུས་ཚོད་ཇེ་རིང་དུ་གཏང་དགོས།
   དཔེ་སྐྲུན་གྱི་རྒྱུ་སྤུས་ཇེ་ལེགས་སུ་བཏང་སྟེ་དཔེ་དེབ་ཕུལ་དུ་བྱུང་བ་སྔར་ལས་མང་པོ་པར་དུ་བསྐྲུན་ནས་སྤྱི་ཚོགས་ཡོངས་དཔེ་ཀློག་ལ་མོས་པ་ཡོད་པ། དཔེ་དེབ་ལེགས་པོ་ཀློག་པ། དཔེ་ཀློག་ལ་འཇོན་པ་བཅས་ཀྱི་རྣམ་པ་ཡག་པོ་ཆགས་སུ་འཇུག་དགོས།
   ཞིང་གྲོང་ས་ཁུལ་དང་། གསར་བརྗེ་རྙིང་ཁུལ། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དར་རྒྱས་ཅུང་ཞན་པའི་ས་ཁུལ་བཅས་ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་གཙིགས་སུ་བཟུང་ནས་རོགས་རམ་བྱ་དགོས།
   དཔེ་ཚོང་ཁང་གིས་དཔེ་ཀློག་བྱེད་སའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། དཔེ་ཀློག་གི་བྱེད་སྒོ་སྤེལ་ནས་དམངས་ཡོངས་དཔེ་ཀློག་ལ་འཇུག་པའི་ཞབས་ཞུའི་བྱེད་ནུས་འདོན་སྤེལ་བྱ་དགོས།
   ལོ་ཆུང་གཞོན་ནུ་དང་དབང་པོ་སྐྱོན་ཅན། རྒན་རྒོན་ལ་སོགས་ཀྱི་དཔེ་ཀློག་གི་འགན་སྲུང་ཇེ་ལེགས་སུ་བཏང་སྟེ། ཞིང་གྲོང་ལ་དཔེ་ཀློག་གི་འཆར་གཞི་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རིག་གནས་ཀྱི་སྤྱི་གཞུང་ཞབས་ཞུ་ཆ་ཡོངས་ནས་དོ་མཉམ་པར་སྐུལ་འདེད་གཏང་དགོས།
   ལོ་ཆུང་གཞོན་ནུའི་ཕ་མའམ་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་འགྲོ་འདུག་སྤྱོད་གསུམ་གྱི་ཆ་ནས་དཔེ་ལེགས་པོ་བསྟན་ཏེ། གང་ནུས་ཅི་ལྕོགས་ཀྱིས་ཁྱིམ་ཚང་གི་དཔེ་ཀློག་དང་། དེ་བཞིན་ཕ་མ་དང་བུ་ཕྲུག་མཉམ་ཀློག་ལ་སོགས་པའི་སྲོལ་ཡག་པོ་ཁྲིད་དེ་ལོ་ཆུང་གཞོན་ནུ་པར་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཆགས་སུ་འཇུག་དགོས། 
   བུ་བཅོལ་ཁང་གིས་བྱིས་པ་རྣམས་ལ་དཔེ་དེབ་འོས་འཚམ་རེ་ཀློག་ཏུ་བཅུག་སྟེ། དཔེ་ཀློག་ལ་ཁོར་ལེགས་པོ་བསྐྲུན་ནས་དཔེ་ཀློག་ལ་དགའ་བ་སྐྱེད་ཅིང་དེ་ལ་གོམས་སུ་འཇུག་དགོས།

སློབ་གྲྭ་ཆུང་འབྲིང་གིས་བྱང་ཚད་སློབ་གསོའི་བླང་བྱ་ལྟར་དུ་དཔེ་ཀློག་གི་སློབ་ར་མགྱོགས་པོར་བསྐྲུན་ཏེ། སློབ་ཁྲིད་ཀྱི་འཆར་གཞི་ཁྲོད་དཔེ་ཀློག་གི་ནང་དོན་ལ་ཤུགས་སྣོན་དང་། དཔེ་ཀློག་གི་བསླབ་ཚན་དང་དཔེ་ཀློག་ཟུར་ཁྲིད་བཀོད་སྒྲིག་བྱ་དགོས། སློབ་རའི་དཔེ་ཀློག་གི་བྱེད་སྒོ་རྩ་འཛུགས་བྱས་ཏེ། སློབ་མར་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཆགས་པར་རོགས་བྱེད་དགོས་པ་མ་ཟད། དགེ་རྒན་གྱི་དཔེ་ཀློག་སློབ་སྟོན་དང་ཟབ་སྦྱོང་ལ་ཤུགས་བསྣན་ནས་དགེ་རྒན་གྱི་དཔེ་ཀློག་ཁྲིད་སྟོན་ནུས་པ་མཐོར་འདེགས་སུ་གཏང་དགོས།
  མཐོ་རིམ་སློབ་གྲྭས་དཔེ་ཀློག་དེ་སློབ་ཁྲིད་བྱེད་སྟངས་གལ་ཆེན་ཞིག་ཏུ་བརྩིས་ཏེ། སློབ་མ་རྩ་འཛུགས་ཐོག་རྣམ་པ་སྣ་ཚོགས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་ནས་སློབ་མའི་དཔེ་ཀློག་གི་ནང་དོན་རྒྱ་སྐྱེད་དང་། སློབ་མར་ནང་སེམས་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པར་གཏང་བར་ཡར་སྐུལ་བྱས་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏང་དགོས།
  
དམངས་ཡོངས་དཔེ་ཀློག་བྱེད་ས་དང་སྒྲིག་ཆས་དོ་དམ་ལས་ཁུངས་ཀྱིས་རྒན་རྒོན་གྱི་དཔེ་ཀློག་དགོས་མཁོ་དང་ཁྱད་ཆོས་ལ་གཞིགས་ཏེ། རྒན་པོས་དཔེ་ཀློག་ལ་འཚམ་དཔེ་དེབ་རིགས་བཏོན་ནས་ཁོ་ཚོ་འཚམ་པའི་ཞབས་ཞུའི་ཚད་གཞི་ཇེ་ལེགས་སུ་གཏང་དགོས།   ཆ་རྐྱེན་ཡོད་པའི་རྒན་པོའི་སློབ་ཆེན(སློབ་གྲྭ)དང་རྒན་པོར་ཞབས་ཞུ་སྒྲུབ་པའི་ལས་ཁུངས་ལསོགས་ཀྱིས་རྒན་པོའི་དཔེ་ཀློག་གི་བྱེད་སྒོ་སྤེལ་དགོས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།