གྲོང་གསེབ་དར་སྤེལ་ལ་ཐོན་ལས་རྨང་གཞི་བྱེད་དགོས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་འབྲིང་མདའ་སྡེ་བས་འབྲོག་ཁུལ་གྱི་ཐོན་ཁུངས་ཀྱི་སྐྱེ་སྟོབས་ལ་གཞི་ཚུགས་ཏེ། ཐོན་ལས་དར་སྤེལ་གཏོང་བར་བརྟེན་ནས་དཀའ་གནད་སེལ་བ་དང་། མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་བྱས་ཏེ“སྐྱེ་ཁམས་སྔོན་ལ་བཞག་ནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་བཏང་སྟེ་འབྲོག་མིའི་ཡོང་འབབ་འཕར་བའི”ལམ་དུ་བསྐྱོད་དེ་འབྲོག་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཉམས་མྱོང་མཁོ་འདོན་བྱས་ཡོད།
འབྲིང་མདའ་སྡེ་བས“སྐྱེ་ཁམས་སྔོན་ལ་བཞག་ནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བར”དམིགས་ཏེ། སྒོར་ཁྲི1400ལྷག་ཙམ་བཏང་ནས་ཐོན་ལས་ཀྱི་རྣམ་གྲངས་ཆེན་པོ་ལྔ་བསྐྲུན་པ་དང་།“གསོ་སྤེལ+བོགས་མར་གཏོང་བ+མ་རྐང་འཇོག་པ”བཅས་ཀྱི་རྣམ་པ་བསྐྲུན་ཡོད། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གཞི་ཁྱོན་ཆེན་པོས་འཕེལ་རྒྱས་བཏང་སྟེ་ལོ་གསུམ་རིང་ཡོང་འབབ་སྒོར་ཁྲི200ལས་བརྒལ་བའི་ཁེ་སྤོགས་བགོས་པ་རེད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཕྱོགས་བསྡུས་ཐོག་ཁང་དང་ཚོང་ཁང་བོགས་མར་གཏོང་ལེན་བྱས་ཏེ“ཁེ་ཕན་དང་མ་རྩ་བསྐྱར་འཇོག”གི་འཁོར་སྐྱོད་རྣམ་པ་ཆགས་ཡོད། མ་རྐང་བཞག་པའི་ཉོ་སྒྲུབ་ལྟེ་གནས་དང་བོད་ལུག་སྟོང་གི་གསོ་སྤེལ་རྟེན་གཞིས་དུས་ཡུན་ཐུང་ངུའི་ནང་ཁེ་ཕན་ཐོབ་པ་དང་ཡུན་རིང་གི་སྟོབས་ཤུགས་ལ་ལྟ་རྟོག་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དེ“ཕྱི་ཤུན་ཙམ”ནས“དོན་ལྡན”དུ་བསྒྱུར་ཏེ་འབྲོག་པ་རྣམས་ལ་ཐད་ཀར་ཁེ་ཕན་ཐོབ་དུ་བཅུག་པ་རེད།
ཡིན་ཡང་འབྲིང་མདའ་སྡེ་བར་གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་ཐོན་ལས་སྤྱི་ལ་ཡོད་པའི་གནད་དོན་དེ་ཡོད་ལ། ཁེ་བཟང་ལ་བརྟན་བརླིང་མེད་ཅིང་འཕར་སྐྱེད་ཆུང་བས། སྐྱེ་ཁམས་ཕྱུགས་ལས་ལ་ཁྲོམ་ར་དང་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ནས་མ་རྐང་འཇོག་པའི་རྣམ་གྲངས་ཀྱི་ཡུན་རིང་ཁེ་བཟང་རང་གནས་སུ་ལུས་པའི་སྣང་ཚུལ་བྱུང་ཡོད་དེ། ཉེན་ཁ་འགོག་པའི་ནུས་པ་ཞན་པ་དང་། འགོག་ཐབས་ཀྱི་སྔོན་ཇུས་མེད་པ། ཐོན་ལས་མཐུན་སྦྱོར་གྱིས་མི་འདང་བ་བཅས་རེད།
རྗེས་མའི་འཆར་འགོད་ཁྲོད། འབྲིང་མདའ་སྡེ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་པོར་བཟུང་ནས། ཐོན་ལས་གྲུབ་ཚུལ་ཐད་དེང་རབས་ཅན་གྱི་གསོ་སྤེལ་གྱི་ལག་རྩལ་ནང་འདྲེན་དང་། ཕྱུགས་ལས་ཐོན་རྫས་ལས་སྣོན་འཕེལ་རྒྱས་བཏང་སྟེ། ཐོན་ལས་དེ“དམའ་རིམ་ཐོན་སྐྱེད”ནས“རིན་ཐང་ཕྲེང་འབྲེལ”དུ་སྤོ་བསྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མ་རྩ་འཇོག་པའི་ཐབས་ཇུས་ལེགས་སྒྲིག་བྱས་ནས་སྣ་མང་ཁ་ཕྱོགས་འཚོལ་ཞིབ་བྱ་རྒྱུ། ཉེན་ཁ་འགོག་ཟོན་ཐད་ཉེན་ཟོན་སྔོན་བརྡའི་ནང་རྐྱེན་འཛུགས་པ་དང་། ཚོང་ལས་འགན་བཅོལ་སྒྲིག་སྦྱོར། ཐོན་ལས་ཁྱུ་ཚོགས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི“བདེ་འཇགས་དྲ་བ”སྲ་བརྟན་དུ་གཏོང་དགོས།
འབྲིང་མདའ་སྡེ་བའི་ལག་ལེན་ཁྲོད་གསལ་སྟོན་བྱས་པ་ནི་འབྲོག་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་བར་ཐོན་ཁུངས་ལ་གཞི་ཚུགས་པ་དང་། སྐྱེ་ཁམས་ཀྱི་དམའ་ཐིག་སྲུང་བ། གནས་སྟངས་འཚོལ་བ། ཁྱད་ཆོས་མངོན་པ་བཅས་བྱ་དགོས། ཐུན་མོང་ཕྱུགས་པོ་ཡོང་བར་རྒྱུན་མཐུད་ཐོན་ལས་རིམ་སྤར་དང་ནང་རྐྱེན་གསར་གཏོད་ལ་བརྟེན་ནས་འབྲོག་པ་རྣམས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་བདེ་འཇགས་ཚོར་སྣང་བཅས་མཐོ་རུ་གཏོང་དགོས། །