ཉིན་འདི་འགའི་རིང་། ནང་སོག་དང་ཧྥུ་ཅན། ཁྲུང་ཆིན། གུང་གཞོན་ཚོགས་པ་ཀྲུང་དབྱང་བཅས་ཀྱིས་རང་སོ་སོའི་དོན་དངོས་དང་འབྲེལ་ཏེ། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གཞི་རིམ་སྒྲོག་འགྲེལ་རྩ་འཛུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱས།
ནང་སོག་གིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྒྲོག་འགྲེལ་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས། “གཞུང་ལུགས་ཁྲིད་པའི་སྐྱ་དམག”སོགས་སྒྲོག་འགྲེལ་དཔུང་ཁག་གཞི་རིམ་དུ་གཞི་ཚུགས་པའི་དགེ་མཚན་བཏོན་ནས། མང་ཚོགས་ཀྱི་ཁྱད་ཆོས་དང་འབྲེལ་ནས་གཞི་རིམ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་དོ་ཁུར་ལ་ལན་སྤྲོད་པ་དང་སྒྲོག་འགྲེལ་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་།
ནང་སོག་ཧུའུ་ཧོ་ཧའོ་ཐི་གྲོང་ཁྱེར་ཤིན་ཡའོ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཅི་ལིན་གྱིས་བཤད་རྒྱུར།
ཚང་འཛོམས་གྲོས་ཚོགས་ཐོག་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྲུང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཏེ། མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ། རེ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཚོར་དུ་བཅུག རྗེས་མར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། དམངས་ཀྱི་དགོས་མཁོ་དང་གནད་ཁེལ་སྦྲེལ་མཐུད། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་དམངས་ཀྱི་བློ་ཡིད་ཚིམ་ལ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཧུར་ཐག་ངང་བསྐྲུན་དགོས།
ཧྥུ་ཅན་གྱིས་གཞུང་ལུགས་སྒྲོག་འགྲེལ་ཆེད་མཁས་པ་དང་ན་གཞོན་སྒྲོག་འགྲེལ་པ་སོགས་རྩ་འཛུགས་བྱས་ཏེ། ཏང་སྲིད་ལས་ཁུངས་དང་། སྲང་ལམ་སྡེ་ཁུལ་དུ་ཟབ་ཞུགས་བྱས་ནས་དམིགས་བྱ་ཅན་དང་མཉམ་འགུལ་ཅན་གྱི་གཞི་རིམ་དུ་སྒྲོག་འགྲེལ་བྱས། ཧྥུ་ཀྲོའུ་ཡི་ན་གཞོན་སྒྲོག་འགྲེལ་པས་དཔའ་མཛངས་རྟུལ་ཕོད་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བརྗོད་དོན་གཙོ་བོར་དམིགས་ནས། ན་གཞོན་ཚོགས་པས་རྒྱུས་ལོན་ཐུབ་པའི་གསོན་ཉམས་ལྡན་པའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་གཞོན་ནུ་ཚོར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལྕག་སྐུལ་བྱས།
གུང་གཞོན་ཚོགས་པ་ཧྥུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅུན་ཅེ་ཡིས་བཤད་རྒྱུར།
ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་སེམས་བརྟན་པོས“སྲུང་སྐྱོང་གཉིས”ངེས་པར་དུ་བསྒྲུབ་དགོས། རང་ངོས་ཀྱི་དད་སེམས་བརྟན་པོ་དང་དོན་དངོས་ཀྱི་ལག་ལེན་བརྒྱུད་དེ། རྒྱ་ཆེའི་ན་གཞོན་རྣམས་ལ་རང་ཉིད་ཀྱི་ཕུགས་བསམ་དེ་ཀྲུང་གོའི་དེང་རབས་ཅན་དུ་འགྱུར་བའི་བྱ་གཞག་རླབས་པོ་ཆེའི་ནང་འདྲེས་པར་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། ལང་ཚོའི་འོད་ཟེར་འབད་འཐབ་ཁྲོད་དུ་འཕྲོ་བར་བྱེད་དགོས།
ཁྲུང་ཆིན་གྱིས་གཅིག་སྡུད་སྒྲོག་འགྲེལ་དང་མི་མང་སྒྲོག་འགྲེལ་ཟུང་འབྲེལ་བྱས་ནས། ཁེ་ལས་དང་སྡེ་ཁུལ། གྲོང་སྡེའི་སྒོ་ར་བཅས་སུ་བསྐྱོད་དེ་རིམ་པ་མང་བ་དང་དམིགས་སའི་རང་བཞིན་ལྡན་པའི་མཉམ་འགུལ་སྒྲོག་འགྲེལ་བྱས། ཁྲུང་ཆིན་དང་ལེང་ཅང་ཁུལ་གསར་དུ་ས་གནས་ཀྱི་སྲང་ལམ་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་ལ་བརྟེན་ནས། མང་ཚོགས་ཉེ་འགྲམ་གྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་ཟུག་པར་བྱས།
ཁྲུང་ཆིན་གྲོང་ཁྱེར་ལེང་ཅང་ཁུལ་གསར་ཤིན་ཅ་ཆའོ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཤེ་ལན་གྱིས་བཤད་རྒྱུར།
ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། “དམངས་འཚོར་དོན་ཆུང་མེད། བརྩེ་བ་སེམས་ཀྱིས་གཉེར”ཅེས་པའི་དད་སེམས་བཅངས་ནས་ཐོག་མའི་བསམ་འདུན་ལག་ལེན་དུ་བསྟར་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་སྟེ་གཞི་རྩ་བརྟན་ཞིང་མི་སེམས་གཅིག་སྒྲིལ་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་བྱས་ནས་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་བདེ་སྐྱིད། བདེ་འཇགས་ཀྱི་ཚོར་སེམས་སྔར་བས་ལྡན་པར་བྱེད་དགོས།
གུང་གཞོན་ཚོགས་པའི་ཀྲུང་དབྱང་ན་གཞོན་འཆད་འཁྲིད་ཚོགས་པས་ས་གནས་མང་པོའི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཟབ་ཞུགས་དང་། ན་གཞོན་གྱི་དོ་ཁུར་བྱ་ཡུལ་ལ་དམ་པོར་དམིགས་དགོས། གསོན་ཉམས་ལྡན་པའི་དཔེ་དང་གཏམ་རྒྱུད། གཞི་གྲངས་ཞིབ་ཕྲ་བཅས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་སྒྲོག་འགྲེལ་བྱས། ས་གནས་རིམ་པ་ཁག་གི་ན་གཞོན་འཆད་ཁྲིད་ཚོགས་པས་ཉེ་འགྲམ་གྱི་དོན་དག་ལ་བརྟེན་ནས་བརྗོད་གཞི་ཆེན་པོ་མཚོན་པར་སྐུལ་ཁྲིད་བྱས། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ཁྲིད་སྟོན་བྱ་དགོས།
ཧོ་ཧྥེ་གསར་གཏོད་ཁང་གི་སྔོན་ཐོན་ཤེས་ཚོར་དང་ཚོད་འཛིན་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་མཉེན་ཆས་བཟོ་བཀོད་པ་ཕན་དབྱིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་སྐུལ་བར་ཚན་རིག་ལག་རྩལ་གྱིས་གདོང་མཆོང་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ལས་ཀྱང“ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་ཇེ་མགྱོགས་སུ་གཏོང་བའི”འཐབ་ཇུས་ལས་འགན་དུ་བརྩིས་ཏེ་ན་གཞོན་ཚན་རྩལ་ལས་བྱེད་པ་རྣམས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ནས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་དགོས། ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ཐད་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་བ་བརྩོན་ཏེ་ན་གཞོན་གྱི་དུས་རབས་ཀྱི་འགན་འཁྲི་འཁུར་གང་ཐུབ་དང་རུ་སྣེ་འདྲེན་པའི་དམག་དཔུང་དང་སྟོབས་ཤུགས་འབུལ་པའི་དམག་དཔུང་ཡག་པོ་ཞིག་བྱེད་དགོས།