ཧའེ་ནན་གྱིས་ཕྱི་ཕྱོགས་སྒོ་འབྱེད་ཤུགས་ཆེར་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་པ་དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞེས་ནན་གྱིས་བསྟན།

རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱས་པའི་ཚུན་དུ། ཧའེ་ནན་གྱིས་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་གསར་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་ལ་དམ་དུ་དམིགས་ནས། ལམ་ལུགས་འདུས་གྲུབ་གསར་གཏོད་བྱ་རྒྱུ་དེ་གོ་གནས་འབུར་ཐོན་དུ་བཞག་པ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་ངང་སྤེལ་བ། རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། ཆུ་ཚད་མཐོ་བའི་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས།

ལྷོ་རྒྱ་མཚོའི་འགྲམ་ངོགས་སུ། སྒོ་འབྱེད་ཀྱི་རྦ་རླབས་དྲག་ཏུ་འཕྱུར།

ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གྲུ་ཁ8དང“རིམ་གཉིས་གྲུ་ཁ”ཚང་མ་འཐུས་སྒོ་ཚང་བ་དང་། གླིང་ཕྲན་ཡོངས་སྒོ་བརྒྱབ་ནས་འཁོར་སྐྱོད་བྱེད་པའི་མཉེན་མཁྲེགས་ཆས་ཀྱི་ཆ་རྐྱེན་གྲ་སྒྲིག་བྱས་ཚར་ཡོད། ཧའེ་ཁོའུ་ཕྱོགས་བསྡུས་ཁྲལ་འཇལ་ཁུལ་དུ། སྒོ་བརྒྱབ་གནོན་ཤུགས་ཚད་འཇལ་ཁེ་ལས་འདིས། འཇར་མན་དང་མ་ལེ་ཞི་ཡ་སོགས་ནས་ཐོན་པའི་རྡོ་སྣུམ་སྒུལ་འཁོར་དེ་བཟོ་ཁང་གསར་པའི་ནང་སྐྱེལ་བཞིན་ཡོད་པ་དང་། སྒོ་བརྒྱབ་རྗེས་ཀྱི་སྐོར་ཁག་དང་པོའི་རྡོ་སྣུམ་སྒུལ་འཁོར་ལ་ཁྲལ་འཇལ་ཞིག་གསོ་བྱ་རྒྱུར་གྲ་སྒྲིག་ཡག་པོ་བྱས་ཡོད།

དབྱང་ཕུའུ་གྲུ་ཁར་རྒྱལ་སྤྱིའི་གྲུ་ལམ་གསར་པ་ཡང་ཡང་བཏོད་དེ། གྲུ་ལམ65མེ་གླིང་བྱང་མ་དང་མེ་གླིང་ལྷོ་མ། ཨེ་ཤེ་ཡ་ཤར་ལྷོ་སོགས་གོ་ལ་ཧྲིལ་པོའི་ཁྲོམ་ར་གཙོ་བོར་ཁེབས་ཡོད།

ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་དང་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་རི་མོ་ཞིག་ཧའེ་ནན་ཡི་ས་གཞི་ཆེན་མོའི་སྟེང་རིམ་གྱིས་བཀྲམས།

འཛམ་གླིང་ལ་ཤན་ཤུགས་ཐེབས་ཐུབ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཧའེ་ནན་ལ་བསྩལ་བའི་འཐབ་ཇུས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྒྱུད་དེ་ཧའེ་ནན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས། རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པར་རོགས་ཤུགས་བཏོན།

2018ལོའི་ཟླ4པར། ཧའེ་ནན་ཞིང་ཆེན་བཙུགས་ཤིང་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་ཧའེ་ནན་གྱིས་རིམ་བཞིན་འཚོལ་ཞིབ་དང་བརྟན་བརླིང་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་ཐག་བཅད་པ་བསྒྲགས། རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱས་པའི་ཚུན་དུ། གནད་འགག་གི་དུས་རིམ་དུ་སླེབས་ཐེངས་རེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྩ་བརྟག་ཕྱོགས་གཏན་མཛད།“ལམ་ལུགས་འདུས་སྒྲུབ་དང་གསར་གཏོད་བྱ་རྒྱུ་དེ་འབུར་ཐོན་གོ་གནས་སུ་འཇོག་པ་”ནས“ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་ཀྲུང་གོའི་ཉམས་འགྱུར་མངོན་པའི་མིང་བྱང་ཡག་པོར་གསར་སྐྲུན་བྱེད་པའི”བར་དང་། དེ་ནས་“ཚན་རིག་དང་མཐུན་པའི་སྒོ་ནས་སྒོ་རྒྱག་པའི་སྔ་རྗེས་ཀྱི་བཅོས་བསྒྱུར་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བར་ཇུས་འགོད་བྱེད་པའི་”བླང་བྱ་སོགས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་པའི་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ད་ལོའི་ཟླ11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཧའེ་ནན་དུ་ཕེབས་ནས། ཆེད་དུ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན། ཁོང་གིས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་མ་ཟད། “ཧའེ་ནན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་གསར་སྐྲུན་བྱེད་པ”དང་། “ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྤེལ་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ”བྱེད་པ། “བརྟན་བརླིང་ངང་མཉམ་དུ་ཕྱུག་འགྱུར་ལ་སྐུལ་སྤེལ་བྱེད་པ་”སོགས་ཀྱི་ཕྱོགས་ནས་ཧའེ་ནན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བཀོད་སྒྲིག་ཞིབ་ཕྲ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ། དཔལ་འབྱོར་རིག་པའི་མཁས་ཅན་ཚའོ་ཡོན་ཀྲེང་གིས་བཤད་རྒྱུར།

ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱས་པ་ནི་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་རྒྱུས་ལོན་ཟབ་མོ་མཛད་པའི་མིག་རྒྱང་རིང་བའི་བཀོད་པ་དང་། བསམ་གཞིགས་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་ཇུས་ཆོད་བརྒྱུད་དེ་བཀོད་པའི་གནད་འགག་རང་བཞིན་གྱི་ཇུས་གཞི་ཞིག་ཡིན། ཧའེ་ནན་ཀྲུང་གོའི་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཚོད་ལྟ་གཙོ་བོའི་ཁྲོད་བཞག་པ་རེད།  སྤྱི་ཁྱབ་ཧྲུའུ་ཅིས་སྐུ་དངོས་སུ་ཇུས་འགོད་དང་དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཅས་གནང་བའི་འོག ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་ལམ་ལུགས་ཅན་གྱི་སྒོ་འབྱེད་ཀྱི་མདུན་ས་གསར་བ་དང་། ས་ཁུལ་གྱི་གཉིས་ཕན་མཉམ་ལས་ཀྱི་གཤིན་ས་གསར་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་བཅས་སུ་གྱུར་ཡོད།

2020ལོར། 《ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞིའི》ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ཐད་ནས་གནད་འགག་གི་གོམ་སྟབས་བསྒྱུར།  2021ལོར《ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱས་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

རྩེ་རིམ་ཇུས་འགོད་འོག ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ལམ་ལུགས་མ་ལག་ཐོག་མར་བཙུགས།

“སྒོ་ཁྲལ་མི་དགོས་པའི་”སྲིད་ཇུས་དང་རྒྱལ་ཡོངས་ཀྱི་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཁྲ་དང་པོ། བྱེད་ནུས་མང་པའི་རང་མོས་ཉོ་ཚོང་གི་ཐོ་ཁོངས་སོགས་མིག་སྔར་ཧའེ་ནན་གྱིས་བསྡོམས་པས་སྲིད་ཇུས་དང་ལམ་ལུགས་ཀྱི་ཡིག་ཆ210ལྷག་ཕྱིར་བཏོན་པ་དང་། ལམ་ལུགས་ཀྱི་འདུས་གྲུབ་གསར་གཏོད་དཔེ་གཞི་སྐོར་ཐེངས་21དང་རྣམ་གྲངས173གྲུབ་ལ། ཉོ་ཚོང་དང་དངུལ་གཏོང་། དངུལ་རྩ། ཤེས་ལྡན་མི་སྣ་སོགས་ཀྱི་ཁྱབ་ཁོངས་ལ་ཁེབས་ཡོད། དེའི་ནང་གི་རྣམ་གྲངས37རྒྱལ་ཡོངས་སུ་ཁྱབ་གདལ་བྱས།

ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྒོ་དབྱེད་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས། འབྲུ་སྣུམ་ལས་སྣོན་ཁེ་ལས་འདིའི་ཐོན་རིན2021ལོར་ཧའེ་ནན་དུ་བཅའ་སྡོད་བྱེད་སྐབས་ཀྱི་སྒོར་ཐེར་འབུམ་གཅིག་ནས་ད་ལོའི་སྒོར་ཐེར་འབུམ་བདུན་བར་འཕར།

ཨོ་སི་ཁའི་འབྲུ་སྣུམ་རྐང་གཉེར་དབུ་གཙོ་ཀྲང་ཧུའེ་ཡིས་བཤད་རྒྱུར།

མ་བཅོས་རྒྱུ་ཆ་དང་ཐོན་རྫས་ཀྱི་སྒོ་ཁྲལ་ཞུ་འབུལ་དང་བརྟག་ཞིབ་བཅས་བརྒྱུད་རིམ་དེ་དག་སྟབས་བདེ་རུ་ཕྱིན་ནས། ང་ཚོའི་ཐོན་སྐྱེད་དུས་ཡུན30%ཙམ་ཐུང་དུ་ཕྱིན་ཡོད། སྒོ་བརྒྱབ་རྗེས་ཀྱི་སྲིད་ཇུས་སྔར་བས་ལེགས་སུ་ཕྱིན་ནས། ང་ཚོའི་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན།

དེ་རིང་གི་ཧའེ་ནན་དུ་ཕྱི་ཕྱོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་རུ་ཕྱིན་ཡོད།

ཉེ་བའི་ལོ་ལྔའི་རིང་ཧའེ་ནན་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད30%ལས་བརྒལ་བ་དང་། ཕྱི་རྒྱལ་གྱི་མ་དངུལ་སྤྱད་ཚད་སྒོར་ཁྲག་ཁྲིག་གཅིག་ལས་བརྒལ་བ་དང་། ལོ་རེར་ཆ་སྙོམས14.6%འཕར་ཡོད། ཕྱི་རྒྱལ་དུ་མ་དངུལ་ཨ་སྒོར་ཐེར་འབུམ་དགུ་དུང་ཕྱུར་བདུན་བྱེ་བ་བརྒྱད་ཐད་ཀར་བཞག་པས་ལོ་རེར་ཆ་སྙོམས97%འཕར་བ་དང་། རྒྱལ་ཁབ་དང་ས་ཁུལ176གིས་འདི་གར་མ་དངུལ་བཞག ཁེ་ལས་དེ་བས་མང་བ་ཞིག་གིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ནས་འགོ་བཙུགས་ཏེ། འཛམ་གླིང་གི་ཁྲོམ་ར་རྒྱ་ཆེར་བཏང་ཡོད་པ་རེད།

དེ་རིང་གི་ཧའེ་ནན་དུ་རྒྱལ་ཁབ86གི་མི་སྣས་ཧའེ་ནན་དུ་ཐོངས་མཆན་མི་དགོས་པ་དང་། ད་ལོར་ཚུན་དུ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་བས་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་བའི་བསྡོམས་འབོར་གྱི་བཅུ་ཆ་དགུ་ལ་ཉེ་བ་ཟིན། རྒྱལ་ཕྱིའི་འཇོན་མིའི་ལས་དོན་ཆོག་འཐུས“སྒེའུ་ཁུང་གཅིག་ནས་འགྲུབ་པ”དང་། རྒྱལ་ཁོངས་བརྒལ་བའི་སྤྱི་ཚོགས་འགན་བཅོལ་སྲུབས་མེད་འབྲེལ་མཐུད་བྱེད་པ། ཁྲལ་འབབ་ཆག་ཡང་དང་ལས་གཏོད་སྐྱེད་སྲིང་སོགས་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཐོན་ནས། “ཧའེ་ནན་ཕྱོགས་སུ་ཕྱོགས་པ”ནས“ཧའེ་ནན་དུ་གཞི་ཚུགས”ཐུབ་པར་གྱུར།

ཧའེ་ནན་ཉིན་རེའི་རྒྱལ་སྤྱིའི་ཉོ་ཚོང་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཅི་མུའུ་ཡིས་བཤད་རྒྱུར།

ང་ཡང་ཕལ་ཆེར་རྒྱལ་ཁབ་ཉི་ཤུ་ལྷག་ལ་སོང་མྱོང་། འོན་ཀྱང་ངས་སྔར་བཞིན་ཧའེ་ནན་བདམས་པ་ཡིན། ཧའེ་ནན་གྱི་ཁོར་ཡུག་གིས་ཕྱི་རྒྱལ་གྱི་མི་ལ་མཛའ་མཐུན་པ་དང་། སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་རེད།

དེ་རིང་གི་ཧའེ་ནན་དུ་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད།

ཆུང་ཧའེ་རུ། པོ་ཨའོ་ལེ་ཁྲེང་རྒྱལ་སྤྱིའི་སྨན་བཅོས་ཡུལ་སྐོར་སྔོན་སྐྱོད་ཁུལ་གྱི་དམིགས་བསལ་ཆོག་འཐུས་སྨན་ཆས་གསར་གཏོད་བྱས་ནས་རྒྱལ་སྤྱི་དང་མཉམ་དུ་ནད་པ་ཁྲི་སྟོང་མང་པོར་བདེ་ཐང་གི་རེ་བ་སྦྱིན། ལིང་ཧྲུའེ་ལི་ཨན་དུ་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་གྲགས་ཅན་གྱིས་གན་རྒྱ་བཞག་ནས་བཅའ་སྡོད་བྱས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་སྒྲུབ་ལས་གཞི10ལ་ཆོག་མཆན་ཐོབ་པ་དང་དོན་འཁྱོལ་བྱུང་ནས། “ཕྱི་རྒྱལ་དུ་མ་བསྐྱོད་ཀྱང་རྒྱལ་ཕྱིའི་སློབ་གསོ་མྱོང་ཐུབ”པར་གྱུར།  ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ། ཧའེ་ནན་གྱི་ཡུལ་སྐོར་ལས་རིགས་དང་། དེང་རབས་ཞབས་ཞུའི་ལས་རིགས། ལག་རྩལ་མཐོ་གསར་གྱི་ཐོན་ལས། ཚ་ཁུལ་གྱི་ཁྱད་ཆོས་ལྡན་ཞིང་ཕན་འབྲས་ཆེ་བའི་ཞིང་ལས་བཅས་ཀྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞིའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད67.2%ཡིན་ལ། 2020ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས14.2འཕར།

ཧའེ་ནན་ཞིང་ཆེན་ཏང་ཨུའི་སྒྱུར་བཅོས་གཞུང་སྒྲུབ་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀོན་ཅི་རུང་གིས་བཤད་རྒྱུར།

བཀག་སྡོམ་བྱས་རྗེས་ཧའེ་ནན་ལ་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་དང་དེ་བས་གཏིང་ཟབ་པའི་སྒོ་ནས་སྒོ་འབྱེད་སྐུལ་འདེད་གཏོང་བའི་རྨང་གཞིའི་ཆ་རྐྱེན་འཛོམས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས་པ་དང་། “ཁུལ་གསུམ་ལྟེ་བ་གཅིག”འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཏེ། བློ་སྟོབས་སྔར་ལས་ཆེ་བའི་སྒོ་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་པ་དང་། བྱེད་ཐབས་དངོས་ལ་བརྟེན་ནས་སྒོ་འབྱེད་རྒྱ་བསྐྱེད། སྟོབས་ཤུགས་ཆེར་སྐྱེད་ཀྱིས་ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་དེ། རང་རྒྱལ་གྱི་དུས་རབས་གསར་པར་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྣེ་ཁྲིད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ནས། རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་རོགས་རམ་བྱས་ཡོད།

ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བར་ལངས་ནས། ཆུང་ཀྲོའུ་ས་གཞི་ཆེན་མོས་དེ་བས་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས། དེ་བས་ནུས་ལྡན་གྱི་བྱ་ཐབས་བཅས་ལ་བརྟེན་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་བརྗིད་ཆེའི་ལེའུ་ཧུར་ཐག་གིས་རྩོམ་ཐུབ་ངེས་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།