ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧྲེན་ཀྲེན་དུ་མཇུག་སྒྲིལ་ཞིང་། འདི་ནི་ཀོང་ཏུང་ཞང་ཀང་ཨའོ་མོན་གསུམ་གྱིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་མཉམ་འབྲེལ་ཐོག་གཉེར་ཐེངས་དང་པོ་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དབང་པོ་སྐྱོན་ཅན་ལ་དམིགས་བསལ་དོ་ཁུར་བྱེད་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད།
དགོང་མོའི་ཆུ་ཚོད8པར། ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་བྱེད་སྒོ་ཧྲེན་ཀྲེན་ལུས་རྩལ་ལྟེ་གནས་ཁང་དུ་འཚོགས་པ་རེད། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས་ཤིང་། ཧོང་ཁུན་མིང་མཇུག་སྒྲིལ་བྱེད་སྒོར་ཞུགས།
མཇུག་སྒྲིལ་བྱེད་སྒོའི་ཐོག ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་མེང་ཧྥན་ལི་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་དོན་སིའི་སི་ཀྲང་ཁྲེན་གོ་ཅི། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྤྱི་ཚོགས་རིག་གནས་སིའི་སི་ཀྲང་ཁའོ་ལན། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེང་ཁའེ་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་གནང་བ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་མཇུག་སྒྲིལ་བྱེད་སྒོར་ཞུགས།
སྐབས་འདིའི་དབང་པོ་སྐྱོན་ཅན་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་ཁྱོན་རྣམ་གྲངས་ཆེན་པོ46བཙུགས་པ་དང་། རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་པ་34ཡི་ལུས་རྩལ་པ7824ཡིས་མིང་ཐོ་བཀོད་ནས་འགྲན་བསྡུར་ལ་ཞུགས་ཤིང་། འཐུས་མི་ཚོགས་པའི་གཞི་ཁྱོན་དང་མང་ཚོགས་རྣམ་གྲངས་ཀྱི་མིང་ཐོ་བཀོད་ནས་འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་པའི་གྲངས་འབོར་ཚང་མས་ལོ་རྒྱུས་ཀྱི་མཐོ་ཤོས་བཏོད་ཡོད། འགྲན་བསྡུར་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་ཡིན་པ་དང་། ཁྱོན་འཛམ་གླིང་གི་ཟིན་ཐོ15དང་རྒྱལ་ཡོངས་ཀྱི་ཟིན་ཐོ156གསར་དུ་བཏོད་པ་དང་། དབང་པོ་སྐྱོན་ཅན་ལུས་རྩལ་པ་ཚོའི་རང་ཉིད་ལས་བརྒལ་བ་དང་སྤོབས་པ་ཆེན་པོས་མཐོ་རླབས་སུ་འཛེག་པའི་འགྲན་བསྡུར་མཚོན་ཚུལ་དང་། རང་སྟོབས་རང་སྤེལ་དང་སྤྲོ་སྣང་ཡར་རྒྱས་ཀྱི་བསམ་པའི་ཉམས་འགྱུར་གྱིས་མི་ཚང་མར་སྐུལ་ལྕག་དང་སྐུལ་སྤེལ་གཏོང་བཞིན་ཡོད།
མཇུག་སྒྲིལ་བྱེད་སྒོའི་ཐོག ཀོང་ཏུང་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ཝང་ཞི་དང་། ཁྲེན་གོ་ཅི། ཁའོ་ལན་བཅས་ཀྱིས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཀྲོའུ་ཁྲང་ཁུའེ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐུང་ལི་ཞིན་ལ་སྤྲད་པ་དང་། ཀྲོའུ་ཁྲང་ཁུའེ་ཡིས་སྐབས་རྗེས་མའི་དབང་པོ་སྐྱོན་ཅན་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་སའི་འཐུས་མིའམ་ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ཝང་ཏའོ་ཞིར་སྤྲད་པ་རེད། སྐབས་རྗེས་མའི་དབང་པོ་སྐྱོན་ཅན་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས2029ལོར་ཧུའུ་ནན་དུ་གཉེར་རྒྱུ་རེད། །