ཞིང་ལས་གྲོང་གསེབ་པུའུ་ཡིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར4.6གསར་སྐྲུན་དང་བསྒྱུར་བཀོད་བྱས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་རྒྱུས་ལོན་པ་ལྟར་ན།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། བསྡོམས་པས་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར7000ལས་བརྒལ་བ་བཀོད་སྒྲིག་བྱས་ནས། ས་གནས་སོ་སོས་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར4.6གསར་སྐྲུན་དང་བསྒྱུར་བཀོད། མཐོར་འདེགས་བཅས་ལ་རྒྱབ་སྐྱོར་བྱས།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ12པའི་ཚེས12ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2025ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར14297.5ལ་སླེབས་པ་དང་། དེ་ལོ་སྔོན་མ་ལས་རྒྱ་མ་དུང་ཕྱུར167.5འཕར་ནས་སླར་ཡང་གྲངས་གནས་མཐོ་བའི་འཕར་སྣོན་མངོན་འགྱུར་བྱས།

འབྲུ་རིགས་བསྟུད་མར་ལོ་ལེགས་བྱུང་བ་མངོན་འགྱུར་བྱེད་པའི་རྒྱབ་ཏུ་ཚད་གཞི་མཐོ་བའི་ས་ཞིང་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་བའི་ཞིང་ལས་ཐོན་སྐྱེད་ཀྱི་གསོན་ཤུགས་མངོན་ཡོད། མིག་སྔར། རང་རྒྱལ་གྱིས་བསྡོམས་པས་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར10བསྐྲུན་པ་དང་། རིགས་སོ་སོའི་ཞིང་ཁའི་ཆུ་རྐ་སྣ་ཚོགས་སྤྱི་ལེ་ཁྲི1000ལྷག་དང་། ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཆུང་གྲས་ཁྲི2700ལྷག་འཛུགས་སྐྲུན་ལེགས་འགྲུབ་བྱས་པས། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལོ་མང་པོའི་རིང་ཐོན་འབབ་བརྟན་པོ་མངོན་འགྱུར་བྱེད་པར་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས།

འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་ཀྱི་གནད་དོན་ཞིག་ཡིན། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་རྩ་བ་ནི་རྨོ་ཞིང་དུ་གནས་པ་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུ་ནི་འཛིན་ལུང་གལ་ཆེན་ཡིན། རིམ་བཞིན་ཆ་རྐྱེན་ལྡན་པའི་ཡུན་རིང་གཞི་རྩའི་ས་ཞིང་ཚང་མ་ཚད་གཞི་མཐོ་བའི་ས་ཞིང་དུ་བསྐྲུན་པར་སྐུལ་འདེད་གཏོང་ཆེད། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་དཔར་འགྲེམས་བྱས་པའི《རིམ་བཞིན་ཡུན་རིང་གཞི་རྩའི་ས་ཞིང་དུ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ནས་བསྟན་དོན། 2030ལོར་བསླེབ་སྐབས་བསྡོམས་པས་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར13.5བསྐྲུན་རྒྱུ་དང་། བསྡོམས་པས་ས་ཞིང་མུའུ་དུང་ཕྱུར2.8བསྒྱུར་བཀོད་དང་མཐོ་རུ་གཏོང་བར་བརྩོན་ལེན་བྱ་རྒྱུ་དང་། ནུས་ཆེའི་ཆུ་གྲོན་ཆུང་བྱེད་པའི་ཆུ་འདྲེན་མ་ལག་གཅིག་འདོམས་དང་དུས་མཉམ་དུ་ལག་བསྟར་བྱས་ཏེ། ནུས་ཆེའི་ཆུ་གྲོན་ཆུང་བྱེད་པའི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི8000གསར་སྣོན་བྱ་རྒྱུ། 2035ལོར་བསླེབ་སྐབས་ཆ་རྐྱེན་ལྡན་པའི་ཡུན་རིང་གཞི་རྩའི་ས་ཞིང་ཚང་མ་ཚད་གཞི་མཐོ་བའི་ཞིང་ར་བསྐྲུན་རྒྱུ་དང་། བསྡོམས་པས་ས་ཞིང་མུའུ་དུང་ཕྱུར4.55བསྒྱུར་བཀོད་དང་མཐོར་འདེགས་གཏོང་རྒྱུ། ནུས་ཆེའི་ཆུ་གྲོན་ཆུང་བྱེད་པའི་ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར1.3གསར་སྣོན་བྱ་རྒྱུ་རེད།

ཞིང་ལས་གྲོང་གསེབ་པུའུ་ཡི་འགན་འཁུར་པས《ཇུས་གཞིར》འགྲེལ་བཤད་རྒྱག་སྐབས་བསྟན་དོན། རིམ་བཞིན་ཆ་རྐྱེན་ལྡན་པའི་ཡུན་རིང་གཞི་རྩའི་ས་ཞིང་ཚང་མ་ཚད་གཞི་མཐོ་བའི་ས་ཞིང་དུ་བསྐྲུན་པར་སྐུལ་འདེད་གཏོང་དགོས།

གཅིག་ནི་ཡུན་རིང་གི་གཞི་རྩའི་ས་ཞིང་ཁ་གསབ་བཀོད་སྒྲིག་ལེགས་སྒྲིག་བྱེད་དགོས། ཐོན་ཁུངས་ཀྱི་སྐྱེས་སྟོབས་བཟང་བ་དང་། ཐོན་སྐྱེད་ཀྱི་སྦས་ཤུགས་ཆེ་བ། ཡུན་རིང་གི་གཞི་རྩའི་ས་ཞིང་ཁྱབ་ཁོངས་ཁྲོད་ཀྱི་རྨོ་ཞིང་གི་རྨང་གཞིའི་སྟེང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་ཏེ། བླང་བྱ་ལྟར་དུས་ཐོག་ཏུ་ཡུན་རིང་གི་གཞི་རྩའི་ས་ཞིང་བགོ་དགོས་པ་བཏོན་ཡོད།

གཉིས་ནི་ཆུའི་ཐོན་ཁུངས་ཆ་འགྲིག་བྱེད་དགོས། ཚད་གཞི་མཐོ་བའི་ས་ཞིང་དང་ཆུ་མ་ས་ཁུལ་འཛུགས་སྐྲུན་ལག་བསྟར་བྱེད་པར་གཅིག་འདོམས་བྱས་ཏེ། ཆུ་ལ་བརྟེན་ནས་ས་ཞིང་གཏན་འཁེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཞིང་ཆུ་འདྲེན་པའི་འཕེལ་རྒྱས་གཞི་ཁྱོན་དང་བཀོད་སྒྲིག་ལུགས་མཐུན་གཏན་འཁེལ་བྱས་ཏེ། ཚན་རིག་དང་མཐུན་པའི་གོ་རིམ་ལྡན་པའི་ཆུ་ཁུངས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་ཁའི་ལས་གཞི་དང་ཆུ་ཁུངས་ལས་གཞི། རྐང་འཛིན་ཆུ་བེད་བཟོ་སྐྲུན་སོགས་ལ་ཤུགས་སྣོན་པ། ཆུ་མ་ས་ཁུལ་ཆེ་འབྲིང་དེང་རབས་ཅན་འཛུགས་སྐྲུན་དང་བསྒྱུར་བཀོད་སོགས་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆུ་འདྲེན་པའི་ཞོད་འབུད་ནུས་པ་ཆེ་རུ་གཏོང་དགོས་པ་བཏོན་ཡོད།

གསུམ་ནི་མ་དངུལ་གཏོང་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་སྲུང་སྐྱོང་སྣ་མང་ཅན་གྱི་དངུལ་གཏོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་བཏོན་ཡོད། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་མཉམ་དུ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་མ་དངུལ་མཁོ་འདོན་འགན་སྲུང་བྱེད་པ་དང་། ཞིང་ཆེན་རིམ་པ་སྲིད་གཞུང་གིས་ས་གནས་དངུལ་གཏོང་གི་འགན་འཁྲི་གཙོ་བོ་འཁུར་དགོས་པ་བཏོན་ཡོད།

ཞིང་ལས་གྲོང་གསེབ་པུའུ་ས་ཞིང་འཛུགས་སྐྲུན་དོ་དམ་སིའི་འགན་འཁུར་མི་སྣས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་བཞིན་ཡུན་རིང་གཞི་རྩའི་ས་ཞིང་ཡོངས་རྫོགས་ཚད་གཞི་མཐོ་བའི་ས་ཞིང་དུ་འཛུགས་སྐྲུན་བྱ་རྒྱུ་ནི་མིག་སྔར་ལ་ཕན་པ་ཡོད་པ་དང་ཡུན་རིང་ལ་དོ་དམ་བྱེད་པའི་དོན་ཆེན་ཡིན་པར་བསྟན། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།