ཝང་དབྱི་ཡིས་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལེ་ཨ་ཐི་ལ་ཁ་པར་བཏང་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཁ་ཆད་ལྟར་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལེ་ཨ་ཐི་ལ་ཁ་པར་བཏང་།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་སའེ་ཞི་དབར་མཛའ་བརྩེ་བརྟན་པོ་བཙུགས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཐབ་ཇུས་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད། ཕྱོགས་གཉིས་ཀྱིས་སང་ལོར་ཀྲུང་གོ་དང་ཨེ་ཅིབ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པ་གོ་སྐབས་སུ་བརྩིས་ནས། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབས་རྒྱུར་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་ཐུན་མོང་ཐོག་དེང་རབས་ཅན་མངོན་འགྱུར་ཡོང་བར་རོགས་རམ་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལེགས་སྐྱེས་གསར་པ་འབུལ་དགོས། སང་ལོར་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་གཉིས་པ་འཚོག་རྒྱུ་ཡིན་པ་དང་། ཨེ་ཅིབ་ནི་ཨ་རབ་འཛམ་གླིང་གི་ཁོངས་མི་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས། དབུ་ཚོགས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་འདོད་ཡོད། ཨེ་ཅིབ་ཀྱི་མགོ་ཁྲིད་པ་ཀྲུང་གོར་ཕེབས་ནས་བྱེད་སྒོར་ཐུན་མོང་ཐོག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། 

ཨ་པུའུ་ཏུའུ་ལེ་ཨ་ཐིས་བསྟན་དོན། ཨེ་ཅིབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་རྨང་གཞི་གཏིང་ཟབ་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཕྱི་རྒྱལ་གྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། སང་ལོ་ནི་ཨེ་ཅིབ་དང་ཀྲུང་གོ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པ་ཡིན་པས། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་གྱི་ཕན་ཚུན་འཚམས་འདྲི་དམ་ཟབ་བྱས་ཏེ། དངོས་གཉེར་མཉམ་ལས་གཏིང་ཟབ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་གྲོས་གཞིར་གྲོས་འཆམ་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རབ་ཀྱི་དབུ་ཚོགས་སྐབས་གཉིས་པ་ཡག་པོར་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། 

ཨ་པུའུ་ཏུའུ་ལེ་ཨ་ཐིས་ཅ་ཧྲའི་དུས་བབ་ཀྱི་འཕེལ་རིམ་གསར་ཤོས་བརྡ་ཁྱབ་བཏང་སྟེ། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་བཏོན་པའི་འདོད་ཚུལ་གལ་ཆེན་དང་། དེ་བཞིན་ཕ་ལེ་སི་ཐན་ལ་སྐོར་ཐེངས་གསར་པའི་རོགས་སྐྱོར་ཁྱབ་བསྒྲགས་བྱས་པར་ཨེ་ཅིབ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཅ་ཧྲའི་ཞི་བདེ་སླར་གསོ་དང་བསྐྱར་སྐྲུན་གྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་བསྟན།

ཝང་དབྱི་ཡིས་བསྟན་དོན། ཅ་ཧྲའི་གདོང་ཐུག་ལོ་གཉིས་ལྷག་གི་རིང་རྒྱུན་འཁྱོངས་བྱས་ནས་ཕ་ལེ་སི་ཐན་གྱི་མང་ཚོགས་ཁྲི7ལྷག་གི་ཚེ་སྲོག་འཕྲོག་ཡོད་པས། མི་ཆོས་ཀྱི་གནོད་འཚེ་དེ་རིགས་ངེས་པར་དུ་མཚམས་འཇོག་དགོས། མིག་སྔའི་དམག་མཚམས་འཇོག་པའི་དུས་བབ་ཉམས་ཞན་དང་མདུན་ལམ་ལ་སྔར་བཞིན་སེམས་ཁྲལ་བྱེད་ཀྱིན་ཡོད་པས། ཕྱོགས་སོ་སོས་ཚད་མཐོའི་དོ་ཁུར་བྱེད་དགོས་ཤིང་། སྲོག་ཤིང་ནི་དམག་འཁྲུག་གི་མེ་ལྕེ་བསྐྱར་དུ་མི་འབར་བ་དང་སྐྱོ་གར་བསྐྱར་དུ་མི་འཁྲབ་རྒྱུ་དེ་རེད། ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བཅོས་སྐྱོང་དེ་ངེས་པར་དུ་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུ་དང་གཅིག་གྱུར་གྱིས་བསམ་བློ་གཏོང་དགོས། གཅིག“ཕ་ལེ་སི་ཐན་བས་ཕ་ལེ་སི་ཐན་སྐྱོང་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། ཅ་ཧྲའི་མདུན་ལམ་དང་ལས་དབང་ཕ་ལེ་སི་ཐན་མི་དམངས་རང་ཉིད་ཀྱི་ལག་ཏུ་འཛིན་དགོས། གཉིས་ནི་དབུས་ཤར་རྒྱལ་ཁབ་ཀྱིས་ལུགས་མཐུན་ངང་དོ་ཁུར་བྱེད་པར་ལྟ་རྟོག་བྱས་ཏེ། ཨ་རབ་རྒྱལ་ཁབ་ཀྱི་སྐད་ཆར་ནན་ཏན་གྱིས་ཉན་དགོས་པ་དང་། ནུས་པ་དངོས་སུ་འདོན་སྤེལ་བྱ་དགོས། གསུམ། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཡང་དག་པའི་ཁ་ཕྱོགས་དང་མཐུན་པ་དང་། ཕ་ལེ་སི་ཐན་རང་བཙན་རྒྱལ་ཁབ་འཛུགས་རྒྱུ་མངོན་འགྱུར་བྱེད་པའི་དམིགས་འབེན་དང་འབྲེལ་མཐུད་བྱ་དགོས། བཞི། མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནུས་ལྡན་ངང་ཞུགས་རྒྱུར་འགན་ལེན་བྱས་ནས། ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བཅོས་སྐྱོང་གནད་དོན་ཐད་དེས་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། 

ཝང་དབྱི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཕ་ལེ་སི་ཐན་ལ་སྐོར་ཐེངས་གསར་པའི་རོགས་སྐྱོར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དེའི་དམིགས་ཡུལ་ནི་ཅ་ཧྲའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ་དང་། ཅ་ཧྲའི་སླར་གསོ་དང་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་ཀྱིས་འབད་བརྩོན་ཧུར་ཐག་བྱས་པར་གདེང་འཇོག་ཧུར་ཐག་བྱས་ནས། ཨེ་ཅིབ་ཀྱིས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་དྲང་གཞག ཡུན་རིང་བཅས་ཀྱི་ཐོག་ནས་སྔ་མོ་ནས་ཐག་གཅོད་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།