ཆུ་ཁོལ་བང་སོ་ཚོགས་ཀྱི་རྒྱལ་ཁབ་གནའ་དཔྱད་རྗེས་ཤུལ་སྤྱི་གླིང་གི་འཛུགས་སྐྲུན་ལས་གེགས་མེད་པའི་བདེ་བླག་ངང་སྒྲུབ་བཞིན་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ12པའི་ཚེས15ཉིན་གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་ནས་འཚོགས་པའི་ཆུ་ཁོལ་བང་སོ་ཚོགས་ཀྱི་རྒྱལ་ཁབ་གནའ་དཔྱད་རྗེས་ཤུལ་སྤྱི་གླིང་སྲུང་སྐྱོང་བེད་སྤྱོད་དང་ཤུལ་བཞག་གྲུང་སྒྱུར་བགྲོ་གླེང་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། རྗེས་ཤུལ་སྤྱི་གླིང་དེའི་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་མིག་སྔར་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར4.4བཏང་། མཚོ་ནུབ་ཁུལ་གྱི་རྒྱལ་ཁབ་གནའ་དཔྱད་རྗེས་ཤུལ་སྤྱི་གླིང་དང་པོ་ཡིན་པའི་རྣམ་གྲངས་དེས་དར་གོས་ལམ་བུའི་ལོ་རྒྱུས་རིག་གནས་རིན་ཐང་སྔོག་འདོན་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

ཆུ་ཁོལ་བང་སོ་ནི་གཏེར་ལམ་རྫོང་ཆུ་ཁོལ་ཡུལ་ཚོ་རུ་ཡོད་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ35ཡོད་ལ། དར་གོས་ལྷོ་ལམ་ལས་མཚོ་སྔོན་ལམ་རྒྱུད་ཀྱི་ལོ་རྒྱུས་ཀྱི་ཤུལ་བཞག་གལ་ཆེན་ཞིག་རེད། ཆུ་ཁོལ་བང་སོ་ཚོགས་ཀྱི་རྒྱལ་ཁབ་གནའ་དཔྱད་རྗེས་ཤུལ་སྤྱི་གླིང་འཛུགས་སྐྲུན་ཀྱིས་ས་གནས་དེའི་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་ཕུན་སུམ་ཚོགས་པོ་འགྲེམས་སྟོན་བྱ་བ་ལ་ཕན་ཐོགས་ཡོད་པ་མ་ཟད། ད་དུང་གནའ་བོའི་ནུབ་རྒྱུད་ས་ཁུལ་དང་ཨེ་ཤེ་ཡ་དབུས་མའི་རིག་གནས་སྤེལ་རེས་དང་ཞིབ་འཇུག་ལ་དོན་དངོས་ཀྱི་ར་སྤྲོད་གལ་ཆེན་ཞིག་མཁོ་འདོན་ཐུབ་པས། རིག་གནས་ཤུལ་བཞག་ཡུལ་སྐོར་དང་། ལྟ་སྐོར་ཉམས་མྱོང་། ཞིབ་འཇུག་སློབ་སྦྱོང་གསར་སྤེལ་བཅས་ལ་མདུན་ལམ་ཡངས་པོ་ཞིག་ཕྱེས་ཐུབ། 

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར་རྒྱལ་ཁབ་རིག་གནས་ཤུལ་བཞག་ཅུའུ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཕྱོགས་གསུམ་གྱིས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། གནའ་དཔྱད་ཞིབ་འཇུག་རྟེན་གཞི་མཉམ་དུ་འཛུགས་རྒྱུ་ཐག་བཅད་པ་མ་ཟད། དེ་ལ་རྒྱལ་ཁབ་རིག་གནས་ཤུལ་བཞག་ཅུའུ་གནའ་དཔྱད་སིས་དྲུང་ཡིག་ཁྲུའུ་ཡི་ལས་འགན་འཁུར་ཏེ། རྗེས་ཤུལ་སྤྱི་གླིང་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏང་བའི་ལས་ཀ་བསྒྲུབས། སྤྱི་གླིང་འཆར་འགོད་ནང་མ་དངུལ་བསྡོམས་པའི་སྒོར་དུང་ཕྱུར10བཏང་ཞིང་། དེའི་ནང་གནའ་རྫས་སྲུང་སྐྱོང་རིགས་ཀྱི་རྣམ་གྲངས་ལ་སྒོར་དུང་ཕྱུར6.2དང་ཡུལ་སྐོར་གསར་སྤེལ་རིགས་ཀྱི་རྣམ་གྲངས་ལ་སྒོར་དུང་ཕྱུར3.8ཡོད་པ་རེད། མིག་སྔར་ཡུལ་སྐོར་པའི་ཞབས་ཞུ་ལྟེ་གནས་དང་། སྐྱེ་ཁམས་རླངས་འཁོར་འཇོག་ས། བང་སོ་ཚོགས་ཀྱི་གཞུང་ལམ་དང་དེ་བཞིན་གནའ་དཔྱད་ཀྱི་མ་དཔེ་ཁང་། ཐུའུ་ཀུའུ་ཧུན་རིག་གནས་ཐང་ཆེན། ཆུ་ཁོལ་བང་སོ་ཚོགས་ཀྱི་གནའ་རྫས་སྲུང་སྐྱོང་བེད་སྤྱོད་ལས་གཞི་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཚར། ཤེའུ་བང་སོ་ཨང་དང་པོའི་སྲུང་སྐྱོང་འགྲེམས་སྟོན་རྣམ་གྲངས་ཀྱང་འཛུགས་སྐྲུན་བྱེད་མགོ་ཚུགས་ཟིན་པ་དང་། རྣམ་གྲངས་གཞན་དག་ལ་འཆར་གཞི་ལྟར་སྐུལ་འདེད་གཏོང་བཞིན་ཡོད།

ཉིན་དེའི་བགྲོ་གླེང་ཚོགས་འདུའི་སྟེང་རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་སུ་ཡོང་བའི་ཆེད་མཁས་པ་མཁས་དབང་དང་ཁེ་ལས་ཀྱི་འཐུས་མིས་རྣམས་ཆུ་ཁོལ་བང་སོ་ཚོགས་ཀྱི་རྒྱལ་ཁབ་གནའ་དཔྱད་རྗེས་ཤུལ་སྤྱི་གླིང་གི“རྗེས་ཤུལ་སྲུང་སྐྱོང་དང་རིན་ཐང་འགྲེལ་བཤད”“འགྲེམས་སྟོན་དང་བེད་སྤྱོད། ཤུལ་བཞག་གྲུང་སྒྱུར”བཅས་བརྗོད་གཞི་གསུམ་ལ་དམིགས་ནས་གཙོ་དོན་མཉམ་སྤྱོད་བྱས་པ་དང་། ཆུ་ཁོལ་བང་སོ་ཚོགས་ཀྱི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྨང་གཞི་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ལ་ཇི་ལྟར་གཞི་ཚུགས་པར་ཐུན་མོང་ཐོག་གྲོས་སྡུར་བྱས་པ་དང་།  “སྲུང་སྐྱོང་ནས་ཞིབ་འཇུག་དང་།  གྲུང་སྒྱུར། ནུས་འདོན”བཅས་རིམ་པ་བཞིན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ། ལོ་ངོ་སྟོང་གི་དར་གོས་ཚོང་ལམ་གྱི་ཤུལ་བཞག་ལ་གསོན་ཤུགས་གསར་པ་བསྐྱེད་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་རིག་གནས་ཀྱི་སྒུལ་ཤུགས་སྟོབས་ལྡན་བསྣན། ཚོགས་འདུ་མ་འཚོགས་གོང་འབྲེལ་ཡོད་ཆེད་མཁས་པ་དང་མཁས་དབང་། ཁེ་ལས་འཐུས་མི་བཅས་གཏེར་ལམ་རྫོང་རྟེན་རྫས་བཤམས་མཛོད་ཁང་དང་ཆུ་ཁོལ་བང་སོའི་རྒྱལ་ཁབ་གནའ་དཔྱད་རྗེས་ཤུལ་སྤྱི་གླིང་དུ་བསྐྱོད་དེ་ཡུལ་དངོས་སུ་གཟིགས་ཞིབ་གནང་། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།