སློབ་གསོ་པུའུ་ཡིས་ཡིག་ཆ་བཀྲམ་ནས་སློབ་གྲྭ་ཆུང་འབྲིང་གི་དུས་རྒྱུན་གྱི་རྒྱུགས་གཞིའི་དོ་དམ་ལ་སྔར་ལས་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཉེ་ཆར་སློབ་གསོ་པུའུ་ཡིསསློབ་གྲྭ་ཆུང་འབྲིང་གི་དུས་རྒྱུན་གྱི་རྒྱུགས་གཞིའི་དོ་དམ་ལ་སྔར་ལས་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཐོ》(གཤམ་དུབརྡ་ཐོཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། དུས་རྒྱུན་གྱི་ཚོད་ལྟའི་རྒྱུགས་གཞི་ལེན་ཐེངས་ཇེ་ཉུང་དང་། དུས་རྒྱུན་གྱི་རྒྱུགས་གཞིའི་སྤུས་ཚད་ཇེ་ལེགས། རྒྱུགས་གཞིའི་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བཅས་ལ་ཤུགས་བསྣན་ནས་སློབ་མའི་སློབ་སྦྱོང་གི་ཁུར་པོ་ཇེ་ཡང་དུ་བཏང་སྟེ་སློབ་མ་ཕྱོགས་ཡོངས་ནས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

བརྡ་ཐོལས་སློབ་གྲྭ་ཆུང་འབྲིང་གི་དུས་རྒྱུན་གྱི་རྒྱུགས་གཞིའི་ཁྱབ་ཁོངས་ཐད་དབྱེ་མཚམས་གསལ་པོ་བཟོས་ཡོད་དེ། སློབ་གྲྭ་ཆུང་འབྲིང་གི་དུས་རྒྱུན་གྱི་རྒྱུགས་གཞི་ནི་ས་གནས་དང་སློབ་གྲྭས་དུས་རྒྱུན་གྱི་སློབ་ཁྲིད་བརྒྱུད་རིམ་ནང་། སློབ་མའི་དུས་མཚམས་རང་བཞིན་གྱི་སློབ་སྦྱོང་ཕན་འབྲས་ལ་ཞིབ་བཤེར་དང་སློབ་ཁྲིད་ཇེ་ལེགས་སུ་གཏོང་བར་ཞབས་འདེགས་ཞུ་ཆེད་ལོ་རིམ་གྱི་སློབ་མ་ཡོངས་ལ་ཕྱོགས་ནས་ལག་བསྟར་བྱས་པའི་རྒྱུགས་གཞི་ལ་ཟེར། དེའི་ཁྲོད་དམའ་འབྲིང་དང་མཐོ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་རྒྱུགས་གཞི་དང་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་བསྡུ་བའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་གཞི་ཚུད་མེད

བརྡ་ཐོལས་ཕྱོགས་བདུན་གྱི་གཙོ་གནད་ལས་འགན་གྱི་ཞིབ་ཕྲའི་བྱེད་ཐབས20བཏོན་ཡོད་པ་སྟེ། གཅིག་ནས་དོ་དམ་གྱི་འགན་འཁྲི་སྔར་ལས་ཁ་གསལ་བཟོ་དགོས། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་བཅས་ཀྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། སློབ་གསོ་ཞིབ་འཇུག་ལས་ཁུངས་དང་སློབ་གྲྭ་བཅས་ལ་འགན་འཁྲིའི་བླང་བྱ་ཞིབ་ཕྲ་བཏོན་ནས་དུས་རྒྱུན་གྱི་རྒྱུགས་གཞིའི་རིམ་དབྱེའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

གཉིས་ནས་རྒྱུགས་ལེན་ཐེངས་ཇེ་ཉུང་དུ་གཏང་དགོས། སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ཀྱི་དུས་རིམ་མི་འདྲ་བར་དམིགས་ནས། རིགས་དབྱེ་ནས་རྒྱུགས་ལེན་ཐེངས་ཚོད་འཛིན་བྱེད་དགོས་པའི་བླང་བྱ་བཏོན། 

གསུམ་ནས་རྒྱུགས་གཞིའི་ནང་དོན་གྱི་དོ་དམ་སྔར་ལས་ནན་པོ་འཛིན་དགོས། སློབ་ཚན་གྱི་ཚད་གཞི་དང་སློབ་ཁྲིད་དངོས་ཀྱི་བརྗོད་གཞི་གཞིར་བཟུང་ནས་བྱང་ཚད་ཀྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་དང་། རྒྱུགས་ཤོག་གི་ནང་དོན་དང་དཀའ་ཚད་སྙོམས་སྒྲིག་ལ་དོ་སྣང་བྱེད་དགོས། རྩ་འཛུགས་དང་མི་སྒེར་གང་རུང་ནས་རྒྱུགས་གཞི་དང་རྒྱུགས་ཤོག་ཉོ་མི་རུང་། 

བཞི་ནས་ཞིབ་བཤེར་གཏན་འབེབས་ལ་སྔར་ལས་ཤུགས་སྣོན་དགོས། རྒྱུགས་སྤྲོད་ཞིབ་བཤེར་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། གཙོ་བོ་ལུགས་མཐུན་རང་བཞིན་དང་། ཆབ་སྲིད་རང་བཞིན། ཚན་རིག་རང་བཞིན་བཅས་ཀྱི་འགག་སྒོར་ཤུགས་བསྣན་ནས། གང་འདོད་དུ་རྒྱུགས་ལེན་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། རྒྱུགས་ཤོག་གི་ནང་དོན་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡོང་བར་འགན་ལེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་དང་འགལ་བའི་ནང་དོན་གཏན་འགོག་བྱ་དགོས། 

ལྔ་ནས་གྲུབ་འབྲས་བེད་སྤྱོད་སྔར་ལས་ལེགས་སུ་གཏང་དགོས། རིམ་པ་བཀར་ནས་གདེང་འཇོག་བྱེད་པ་ལག་བསྟར་དང་། སྐར་གྲངས་ཀྱི་འགྲན་རྩོད་ཆུང་དུ་གཏོང་བ། ཡང་དག་པའི་སློབ་གསོའི་གདེང་འཇོག་ལྟ་བ་འཛུགས་པར་ཁྲིད་སྟོན་བཅས་བྱས་ནས་སློབ་མའི་རྒྱུགས་སྤྲོད་ཀྱི་སེམས་ཁྲལ་སེལ་དགོས། 

དྲུག་ནས་འགན་ལེན་ནུས་པ་སྔར་ལས་ཆེ་རུ་གཏང་དགོས། སློབ་གསོ་ཞིབ་འཇུག་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གྱི་རྒྱུགས་ཤོག་བསྒྲིགས་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། མིས་བཟོས་རིག་ནུས་ཀྱིས་རྒྱུན་ལྡན་རྒྱུགས་ལེན་གྱི་རྣམ་པ་བཀོལ་སྤྱོད་བྱེད་པར་འཚོལ་ཞིབ་བྱ་དགོས། 

བདུན་ནས་འགན་འཁྲི་དོན་འཁྱོལ་ལ་སྔར་ལས་དམ་འཛིན་ཡག་པོ་བྱེད་དགོས། ལྟ་སྐུལ་འགན་འཁྲི་བདའ་འདེད་ལམ་སྲོལ་བཙུགས་ནས་རྒྱུགས་ཤོག་བཟོ་མཁན་དང་། འདེམས་སྤྱོད་བྱེད་མཁན། ཞིབ་བཤེར་བྱེད་མཁན་བཅས་གཞི་གཅིག་ཏུ་འགན་འཁྲི་གཅིག་མཚུངས་བྱས་ཏེབརྡ་ཐོའིབླང་བྱ་ཁག་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས་པ་བཏོན་ཏོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།