“གེ་སར་སྒྲུང་གི་ཕ་ས”ནས“ཐོན་ལས་ཀྱི་ས་གཞི་ཆེ་མོའི”བར་གྱི་འཕོ་འགྱུར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

“གེ་སར་སྒྲུང་གི་ཕ་ས”ནས“ཐོན་ལས་ཀྱི་ས་གཞི་ཆེ་མོའི”བར་གྱི་འཕོ་འགྱུར།

མཚོ་སྔོན་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྟ་ཞིབ་བྱེད་པ་ལས་དགའ་བདེའི་ལེའུ།

གྲོང་ཚོའི་ཕྱོགས་ཀུན་ལྷིང་འཇགས་སེ་དགུན་དུས་ཀྱི་ཕང་བར་འཁུམས་ནས་འདུག

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་ཁྲོ་ལོ་དང་དེའུ་རུག་སྡེ་བའི་སྡེ་མི་གླིང་སྒྲུང་ཟློས་གར་གྱི་གར་སྟེགས་མདུན་དུ་འཁྲབ་སྟོན་དུ་ཡོང་དགོས་ཞེས་འབོད་བཞིན་ཡོད། ཁོས་བྲེལ་སྟབས་ཀྱིས་ཟློས་གར་གྱི་འཁྲབ་ཆས་གྱོན་རྗེས། གདོང་ལ་ངོ་ཚ་བའི་ཉམས་ཤིག་ཤར་ནས་ཆ་རྒྱུས་མེད་པའི་མི་ཚོགས་ཁྲོད་ཕྱིན། 

གར་སྟེགས་སྟེང་འཁར་རྔ་གྲགས་མ་ཐག་ཁོའི་སྤྲོ་སེམས་རབ་ཏུ་འབར་བར་བྱས་ཏེ་གར་གྱི་སྟངས་སྟབས་དང་མིག་མདངས་ལས་ཡངས་པའི་སྤང་ཐང་དང་རྟག་བརྟན་གྱི་ཆོད་སེམས་ཤིག་ངང་གིས་མངོན་། 

འདི་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཡིན་ཞིང་། ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨི4300ཡོད་པ་དང་། 《གེ་སར་སྒྲུང》དར་ཁྱབ་ཆེས་ཆེ་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན། གླིང་སྒྲུང་ནི་ངག་ཐོག་སྒྲུང་བཤད་ཙམ་མ་ཡིན་པར་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་རྐང་ལ་ཟུག་ཡོད།

དེ་སྔ་རང་བྱུང་ཁོར་ཡུག་ལ་ཚོད་འཛིན་ཐེབས་པའི་དབང་གིས་དགའ་བདེ་རྫོང་གི་ཐོན་ལས་རྣམ་པ་དེ་འབྲོག་ལས་ཁོ་ནས་བཟུང་ཡོད། ཚུལ་དེ་བསྒྱུར་པའི་ཐབས་ལམ་ནི་རང་ངོས་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་རྒྱུ་དེ་རེད། ད་ལྟ་རྒྱུན་འཛིན་དང་སྔོག་འདོན་ལ་བརྟེན་ནས་ལོ་ངོ་སྟོང་གི་ལོ་རྒྱུས་སྙན་རྩོམ་རིང་མོ“གེ་སར་སྒྲུང་གི་ཕ་ས་ཏེ་རྨ་ཡུལ་དགའ་བདེ”ཞེས་འབོད་པའི་ས་འདིར་དཔལ་འབྱོར་གྱི་སྒུལ་ནུས་ཆེན་པོ་འདོན་བཞིན་ཡོད་པ་རེད།

ལོ་ངོ་སྟོང་གི་ལོ་རྒྱུས་སྙན་ངག་རྒྱུན་འཛིན་དང་སྲུང་སྐྱོང་ཁྲོད་ངོ་མཚར་ཁྱད་ཆོས་མངོན། 

དགུན་དུས་ཀྱི་དགའ་བདེ་རུ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ། རྒྱལ་ཁའི་ཟམ་ཆེན་སྟེང་སྐྱོད་སྐབས་གེ་སར་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་གང་སར་མཐོང་རྒྱུ་ཡོད་ཅིང་། ལམ་སྒྲོན་དང་ཡུལ་མིའི་སྡོད་ཁང་གི་གྱང་ངོས་གང་སར་བཀྲ་ཤིས་པའི་རི་མོ་ཡག་པོ་བྲིས་ཡོད།

མགོ་ལོག་ཁུལ་གེ་སར་ངག་ཐོག་སྲོལ་རྒྱུན་ཞིབ་འཇུག་རྟེན་གཞིའི་དགའ་བདེ་རྫོང་གེ་སར་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཁང་དུ་སྐྱོད་སྐབས།ཐོག་སོ་གསུམ་ཅན་གྱི་བོད་བཟོའི་བཟོ་བཀོད་དེ2018ལོར་སྒོ་བྱང་བཀལ་ཚུན། རྫོང་ཡོངས་ཀྱི་གེ་སར་རིག་གནས་རྒྱུན་འཛིན་རྟེན་གཞི18ཁྲོད་གསོན་ཤུགས་ཆེན་པོ་ལྡན་པའི་གནས་ཤིག་ཏུ་གྱུར། ཞིབ་འཇུག་ཁང་ནང་སྡེ་བའི་རྒན་རྒོན་ཚོའི་ངག་གི་གནའ་བོའི་དབྱངས་རྟ་དང་བྱིས་པ་ཚོའི་ལད་ཟློས་ཀྱི་དབྱངས་རྟ་དེ་གནས་འདི་རུ་འཇགས་མ་མྱོང་།

ད་ལོའི་ཟླ8པར་ཞིབ་འཇུག་ཁང་གིས《གེ་སར་སྒྲུང》གི་ཁྲོད་ཀྱི“རྟ་རྒྱུག་རྒྱལ་འཇོག”དེ་གར་སྟེགས་སྟེང་འཁྲབ་སྟོན་བྱས་པར་ལྟད་མོ་པ་བརྒྱ་ལྷག་ཙམ་གྱི་ཡིད་དབང་བཀུགས །འཁྲབ་སྟོན་དེ་ནི་རིག་གནས་བྱེད་སྒོ་ཞིག་ཡིན་པ་མ་ཟད།ཁྲོམ་རར་ཚད་ལེན་ཚོད་ལྟ་ཞིག་དང་རིག་གནས་ཐོན་རྫས་ཀྱི་གྲུབ་འབྲས་མངོན་འགྱུར་བྱེད་ཐབས་ཤིག་ཀྱང་ཡིན་པས། ལོ་རྒྱུས་སྙན་རྩོམ་རིང་མོའི་གཏམ་རྒྱུད་དེ་ཡིད་དབང་འཕྲོག་པའི་འཛད་སྤྱོད་ནང་དོན་གྱི་ཚོང་ལས་རྣམ་པར་བསྒྱུར་ཆོག་པ་ར་སྤྲདཡོད།

སྐས་རིམ་དེད་ནས་ཐོག་སོ་གཉིས་པར་བསྐྱོད་སྐབས《ཁྲ་གླག་སྤྱང་གསུམ》གྱི་འཇིམ་སྐུ་གྲོང་ངེར་འགྱིང་ནས་ཡོད། མི་སྣའི་ཉམས་འགྱུར་གསོན་ཉམས་དོད་ཅིང་རི་ཆུའི་རྒྱབ་ལྗོངས་གྲལ་འགྲིག་པོ་ཡོད་པས་ཞིབ་ཆ་ཆེ་བའི་བཞེངས་བཀོད་ཚུལ་དེ་དག་གིས་སྒྱུ་རྩལ་པའི་རིག་གནས་ཀྱི་གོ་རྟོགས་དང་དུང་ཞེན་ཉར་ཡོད།ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན།དབྱར་དུས་དེ་གར་ཡུལ་སྐོར་པ་རྒྱུན་ཆད་རྒྱུ་མེད་ཅིང་།སྲོལ་རྒྱུན་རིག་གནས་དེ་གཟུགས་འདས་ཤུལ་བཞག་རིག་གནས་གི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་བྱེད་ཐབས་བརྒྱུད་དཔལ་འབྱོར་གྱི་འཕར་གཞི་གལ་ཆེན་དུ་འགྱུར་བཞིན་ཡོད། ་ལྷག་པར་དུ་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་མངོན་གསལ་དོད་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་གསལ་པོ་རེད།

ཐག་མི་རིང་བའི་སར་དགའ་བདེ་རྫོང་མར་བཟོས་གེ་སར་གྱི་སྐུ་བརྙན་མཐོང་ཐུབ། སྨི་ངོས་སྙོམས་གྲུ་བཞི་མ320ཡོད་པའི་འགྲེམས་ཁང་ནང་རིང་ཚད་ལ་སྨི52དང་ཞེང་ཚད་ལ་སྨི2.8ཡོད་པའི་མར་བཟོས་གེ་སར་དེ་འཁོར་བསྐྱོད་བྱེད་པའི་རི་མོ་ཞིག་དང་མཚུངས། འགྲེམས་སྟོན་ཁང་དེ་ཕྱི་ཕྱོགས་སུ་སྒོ་ཕྱེ་ནས་ལོ་བཅུ་འགོར་ཡང་ད་དུང་སྔར་བཞིན་ཚོན་མདོག་རྣམ་པར་བཀྲ་ཞིང་ཞིབ་ཕྲའི་རི་མོ་དག་ཀྱང་གསལ་ལྷང་ངེར་འདུག

ཞིབ་འཇུག་ཁང་གི་སྒྲུང་པའི་དབྱངས་རྟ་དང་འགྲེམས་སྟོན་ཁང་གི་མར་དྲི། ཁྲོམ་གཞུང་གི་ལྡེབས་རིས་བཅས་ནས་རྩྭ་ཐང་གི་གར་སྟེགས་བར།གེ་སར་རིག་གནས་དེ་ཁ་བའི་འདབ་མ་བཞིན་དུ་དགའ་བདེ་རྫོང་གི་གང་སར་སིམ་བཞིན་མཆིས། སྲོལ་རྒྱུན་རིག་གནས་ཀྱིས་གསར་གཏོད་དང་ཐོན་ལས་ཀྱི་གཞི་རྟེན་བརྒྱུད་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་འདྲ་བཟོ་བྱེད་ཆོག་པ་དང་།གཉེར་སྐྱོང་བྱེད་ཆོག་པ།འཕར་སྣོན་ཐུབ་པ་བཅས་ཀྱི་རིག་གནས་དཔལ་འབྱོར་ཐོན་ལས་དང་འཛད་སྤྱོད་སྒུལ་ཤུགས་སུ་བསྒྱུར་བཞིན་ཡོད།

སྔོག་འདོན་གཏིང་ཟབ་བྱས་པའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་འབྲས།

དགའ་བདེ་རྫོང་དུ་གེ་སར་སྒྲུང་གི་རིག་གནས་དང་ལྟ་ན་སྡུག་པའི་རི་ཀླུང་གི་ཐོན་ཁུངས་ཡོད་པས།རིག་གནས་ཀྱི་ལེགས་ཆ་དེ་མང་ཚོགས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་རྫོང་ཁོངས་དཔལ་འབྱོར་འཕར་ཚད་ལ་ཇི་ལྟར་བསྒྱུར་བ་ཡིན་ཞེ་ན།“རིག་གནས་དང་།ཡུལ་སྐོར།ཐོན་ལས”བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་བྱེད་སྟངས་བརྒྱུད། རྒྱུན་འཛིན་ཁྲོད་སྲུང་སྐྱོང་དང་གསར་གཏོད་ཁྲོད་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འབབ་འཕར་དང་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་གཏོད་རྒྱུ་དེ་རེད།

ཟླ11པའི་ཟླ་དཀྱིལ་དུ། གསར་འགོད་པ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་དེའུ་རུག་སྡེ་བར་བསྐྱོད། སྡེ་བ་དེའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་པས། 2006ལོར་གེ་སར་སྒྲུང་“རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག”གི་མིང་གཞུང་ནང་ཚུད་པ་དང་།2008ལོར“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་པ་དང་། 2017ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་སྡེ་བར་གྱུར།

“སྔོན་ཆད་ང་ཚོས་ཉེ་འགྲམ་གྱི་རྩ་ཆེའི་སྲོལ་རྒྱུན་རིག་གནས་སྲུང་བཞིན་ཡོད་མོད།འོན་ཀྱང་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་མ་ཐུབ་པ་དང་མི་མི་ཉུང་བ་ལམ་ལོག་ཏུསོང”ཞེས་ཁོ་ཆུ་གྲོང་རྡལ་གྱི་མགོ་གཙོ་གཞོན་པ་མཱ་ཀུའེ་ཅུན་གྱིས་གསར་འགོད་པར་དེ་ལྟར་བཤད། དེའུ་རུག་སྡེ་བས2014ལོར་འབྲོག་པའི་སྤྲོ་སྐྱིད་ཁང་བརྗོད་དོན་གཙོ་བོར་བྱས་པའི“ཡུལ་སྲོལ་གླིང་”གི་རྣམ་གྲངས་ཚོད་ལྟའི་ཚུལ་དུ་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་མྱོང་མོད།འོན་ཀྱང་དཔེ་དབྱིབས་གཅིག་མཚུངས་ཅན་དང་འགྲན་རྩོད་ནུས་པ་མི་འདང་བའི་དབང་གིས་གཉེར་སྐྱོང་དཀའ་ངལ་གྱི་གནས་སུ་གྱུར་ནས་ཏག་ཏག་ལོ་གཉིས་ཀྱི་རྗེས་སུ་མཚམས་འཇོག་དགོས་བྱུང་།

ད་རེས་ཀྱི“ཚོད་ལྟ”ལས་གྲོང་རྡལ་དང་སྡེ་བའི་ལས་བྱེད་པ་དང་སྡེ་མི་རྣམས་སེམས་ལྷོད་ལ་བབས།གྲོང་རྡལ་དང་སྡེ་བའི་ལས་བྱེད་པས་སྡེ་མི་ཁྲིད་དེ་ང་ཚོའི་རྩ་བ་གང་ཡིན་པ་དང་།ཁྱད་ཆོས་ཆེ་ཤོས་ནི་ཅི་ཞིག་ཡིན་པ་སྐོར་འཚོལ་ཞིབ་བྱས་ནས་རིམ་གྱིས་བསྡོམས་ཚིག་གསལ་པོ་ཞིག་བཀོད་པ་སྟེ།ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ལོ་རྒྱུས་རིག་གནས་ནི་དེའུ་རུག་སྡེ་བའི་ཆེས་རྩ་བའི་འགྲན་རྩོད་སྟོབས་ཤུགས་ཡིན་པ་དེ་རེད།

དེར་བརྟེན་སྡེ་བས“འབྲོག་པའི་སྤྲོ་སྐྱིད་ཁང”དེ་མཉམ་ལས་ཁང་དུ་བསྒྱུར་ནས་སྡེ་མི་རྣམས་གླིང་སྒྲུང་ཟློས་གར་གྱི་གར་སྟེགས་ཆེན་པོའི་འཁྲབ་སྟོན་པར་གསོ་སྐྱོང་བྱས་པ་དང་།སྤྱིར་བཏང་གི་ཡུལ་སྐོར་དྲན་རྟེན་དངོས་པོ་འཚོང་རྒྱུ་མིན་པར། གླིང་སྒྲུང་གི་གཏམ་རྒྱུད་ལྡན་པའི་ནོར་ནག་གི་ཁུ་ལུའི་འཚེམ་དྲུབ་དང་ལག་ཤེས་ཤིང་བརྐོས་སོགས་རིག་གནས་གསར་གཏོད་དང་ཐོན་རྫས་གསར་སྤེལ་བྱས

དེའུ་རུག་སྡེ་བའི་གླིང་སྒྲུང་ཟློས་གར་གྱི་གར་སྟེགས་ཆེན་པོར་སྐྱོད་སྐབས། འཁྲབ་སྦྱོང་ཡུལ་དངོས་སུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།དེ་སྔའི་འཁྲབ་སྟོན་ནི་སྡེ་མིའི་རང་འགུལ་གྱི་བྱེད་སྒོ་ཙམ་ཡིན་པས་ཡོང་འབབ་མེད།ད་ཆ་ཐོན་ལས་ཅན་གྱི་རྣམ་པའི་འཁོར་སྐྱོད་དང་བསྟུན་ནས་འཁྲབ་སྟོན་ཉིན་རེ་བཞིན་ཚད་ལྡན་དང་ཡིད་དབང་འཕྲོག་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ནས་སྲིད་གཞུང་གི་མངགས་ཉོ་དང་ཚོང་ལས་འཁྲབ་སྟོན་དང་ལེན་ཐུབ་ཀྱི་ཡོད།རྒྱུན་འཛིན་པ40དང་འབྲོག་པ་ལས་གྲུབ་པའི་འཁྲབ་སྟོན་ཚོགས་པས་ན་ནིང་འཁྲབ་སྟོན་ཐེངས་4བྱས་པ་དང་ཐེངས་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་ཡོད།

འབྲོག་པའི་ཡོང་འབབ་འཕར་བ་དང་ཆབས་ཅིག་བསམ་པའི་ཉམས་འགྱུར་ལ་ཡང་སྟོབས་ཀྱིས་ཁེངས་འདུག ཚེ་རིང་མཚོ་མོས་གེ་སར་གྱི་བཙུན་མོ་ལོ་བཅུ་ལྷག་ཙམ་འཁྲབ་སྟོན་བྱས་ཤིང་།ཁོང་གིས“དེ་སྔ་གཏན་འཇགས་ཀྱི་འཁྲབ་སྟོན་བྱེད་ས་མེད་པས་ད་ཆ་དུས་ངེས་མེད་ལ་འཁྲབ་ཐུབ་ཀྱི་ཡོད།ད་དུང་ཁྱིམ་ལ་ཡོང་འབབ་ཅིག་ཀྱང་སྣོན་ཐུབ་པས་སྡེ་བའི་ནང་འཁྲབ་སྟོན་ལ་ཞུགས་འདོད་མཁན་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་བཤད།

དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི་་ལས་ཞུགས་གྲུབ་ཚུལ་གྱི་འགྱུར་ལྡོག་ཡིན།དེའུ་རུག་སྡེ་བའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཐོན་ལས་མ་ཆགས་གོང་དང་ལྷག་པར་ཏེའར་ཝུན་གནས་སྤོ་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་བུད་མེད་མང་ཆེ་བ་ཁྱིམ་དུ་བསྡད་ཡོད། ད་ཆ་བོད་སྤོས་དང་།འཁེལ་འཐག་ཐོན་རྫས་བཟོ་ཁང་།ཟློས་གར་གྱི་གར་སྟེགས་བཅས་ཀྱིས་མི50ལྷག་ཙམ་ལ་ལས་གནས་མཁོ་འདོན་བྱས་ནས་ཁོང་ཚོའི་ཡོང་འབབ་ཡང་འཕར་སྣོན་བྱས་ཡོད།

དེའུ་རུག་སྡེ་བའི“བཞེངས་མི་ཚར”ཞེས་པའི་འཁོར་ཁང་དུ་ཐང་ག་འབྲི་མཁན་འཇིགས་དར་གྱིས་ཐང་ག་འབྲི་བཞིན་ཡོད།ཁོས་རང་བྱུང་གི་གཏེར་ཚོན་བཀོལ་ཡོད་པས་སྤུས་ཀ་ཧ་ཅང་ལེགས།“དེ་སྔ་རང་ཉིད་ཀྱིས་ལན་རེར་འབྲི་པ་མ་གཏོགས་མང་པོ་བྲིས་མྱོང་མེད། ད་ཆ་སྡེ་བའི་ཐོན་ལས་སྦྲེལ་ཐག་ནང་བཅུག་པས་ཚོང་ལམ་ཡངས་པོ་ཆགས་ཡོད”“ད་ལོར་བརྩམས་ཆོས30ལྷག་ཙམ་ལེགས་གྲུབ་བྱུང་ཡོད་ཅིང་།བརྩམས་ཆོས་དེ་དག་གིས་ཁྲོམ་རར་ཡོང་འབབ་དེ་བས་ལེགས་པོ་རག་པར་རེ་བ་བཅངས་ཡོད”ཅེས་བཤད།

2014ལོར་དབུལ་སྒྲོལ་བྱས་ཚུན་དེའུ་རུག་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་རིམ་རྩིས་བྱས་ན་ཐོན་ལས་ཐད་སྒོར་ཁྲི60ཙམ་ཟིན་པས་ད་ལོར་སྡེ་བའི་ཐུན་མོང་གི་ཡོང་འབབ་སྔོན་དཔག་བྱས་ན་སྒོར་ཁྲི100ལས་བརྒལ་ཡོད། གླིང་སྒྲུང་རིག་གནས་འཁྲབ་སྟོན་དང་།ཁྱད་ལྡན་སྣོད་བཅུད་འབྲོག་ལས།བོད་སྤོས་བཟོ་སྐྲུན།ཐང་ག་སོགས་ལས་གྲུབ་པའི་སྣ་མང་ཁྱད་ལྡན་ཐོན་ལས་ཀྱིས་སྡེ་བ་དབུལ་སྒྲོལ་ཐུབ་པ་མ་ཟད།ཐུནམོང་དཔལ་འབྱོར་སྟོབས་ཆེར་འགྲོ་བ་དང་།སྡེ་མིར་རྒྱུན་མཐུད་འབབ་འཕར་ཡོང་བ།ཐོན་ལས་རིམ་སྤོར་བཅས་ཀྱི་འཁོར་རྒྱུག་བཟང་པོ་མངོན་འགྱུར་བྱུང་ནས་གྲོང་གསེབ་དར་རྒྱས་ལ་འདྲ་བཟོ་བྱེད་ཆོག་པའི་དཔལ་འབྱོར་གྱི་མ་དཔེ་མཁོ་འདོན་བྱས་ཡོད།

གཟུགས་འདས་ཤུལ་བཞག་རིག་གནས་དེ་རྩྭ་ཐང་ནས་འཁྲུག་ཆ་དོད་པའི་ཚོང་ལས་ཁུལ་དུ་བསྐྱོད་པ་དང་།ལོ་རྒྱུས་བསྟན་བཅོས་ཁྲོད་ཀྱི་རིག་གནས་རྗེས་ཤུལ་དང་རྒྱུན་གཏན་འཚོ་བའི་ནང་འདྲེས་པའི་སྲོལ་རྒྱུན་ལག་རྩལ་དེ་དག་ཁྲོམ་རའི་རིན་ཐང་ལྡན་པའི་ཐོན་རྫས་དང་ཞབས་ཞུར་རིམ་གྱིས་གྱུར་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་སྒུལ་ཤུགས་དང་རྒྱུན་མཐུད་འཕར་གཞི་ཞིག་ཏུ་གྱུར་ཡོད་པ་རེད།

རིག་གནས་དང་ཐོན་ལས་དར་སྤེལ་མཉམ་འདྲེས་དང་གསར་གཏོད་ཀྱི་ཁྲོད་འཕེལ་རྒྱས་སུ་བཏང་།

ཐོན་ལས་ཀྱི་ཆུ་རྒྱུན་དེ་རིག་གནས་ཀྱི་རྩ་བར་བབས་ཚེ་འཕེལ་རྒྱས་ཀྱི་གོ་སྐབས་དེ་ཞིང་ས་གཤིན་པོ་དེའི་ཐོག་དབྱར་མཚོ་བཞིན་རྒྱས།

དགའ་བདེ་རྫོང་རིག་གནས་ཁང་དུ་སྐྱོད་པ་ན། དེ་ནི་བོད་རིགས་ཀྱི་རིག་གནས་བང་མཛོད་གསོན་པོ་ཞིག་དང་མཚུངས། ཉིན་རེའི་ཕྱི་དྲོར། འབྲོག་པ་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་རིག་གནས་ཁང་དུ་ཡོང་གི་ཡོད་པ་དང་། རིག་གནས་ཁང་གི་དོ་དམ་པ་བསོད་ནམས་དབང་མོས་འདི་སྐད།“རྫོང་མཁར་དུ་སྲོལ་རྒྱུན་རིག་གནས་ལ་དངོས་སུ་མྱོང་རོལ་བྱེད་པའི་གོ་སྐབས་ཅུང་ཉག་པས་ཚང་མ་དེ་ལ་སྤྲོ་སྣང་ཆེན་པོ་ཡོད་པ་རེད།” རིག་གནས་སྔར་ལས་རྒྱུན་འཛིན་ལེགས་པོ་བྱ་ཆེད། ད་ལོར་འགྲེམས་ཁང་ནང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསོ་སྦྱོང་ཐེངས4བྱས་པས། རྒྱུན་དུ་མཐོང་དཀའ་བའི་ཐང་ག་དང་དམངས་སྲོལ་ལག་རྩལ་ལ་མྱོང་རོལ་གྱི་གོ་སྐབས་ཤིག་ཚང་མར་རག་ཐུབ་ཏུ་བཅུག་ཡོད་ཟེར།

འགྲེམས་ཁང་ནང་གི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དེ་འབྲོག་པའི་འཚོ་བ་དངོས་མཚོན་པའི་ལོ་རྒྱུས་སྙན་ངག་ཅིག་རེད་ཅེས་བརྗོད་ཆོག ། ལོ་དགུའི་རིང་འཚོལ་བསྡུ་དང་གསར་བཟོ་ཞིབ་ཚགས་བྱས་པ་བརྒྱུད་ཏ་ལེན་དང་།རླུང་སྒམ།རྔོན་རྒྱག་ཡོ་བྱད།གཉེན་སྒྲིག་རྒྱན་ཆ།བོད་ལུགས་གསོ་རིག་གི་སྨན་རྒྱུ།བོད་ཡིག་ཡིག་གཟུགས་དང་ཤིང་བརྐོས་ཡོ་བྱད་སོགས་རེ་རེ་བཞིན་བཀྲམས་ཡོད་པས་འབྲོག་པའི་འཚོ་བའི་རྣམ་པ་གསོན་ཉམས་དོད་པོ་མངོན་ཡོད།

ད་ལོར་དགའ་བདེ་རྫོང་རིག་གནས་ཁང་གིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི10ལྷག་ཙམ་སྣེ་ལེན་བྱས་པ་དང་། དེ་ལས་ཐོན་པའི་དཔལ་འབྱོར་སྒྱུར་གྲངས་ཀྱི་ཕན་འབྲས་མངོན་གསལ་ཐོན་ཞིང་། རྫོང་གི་བཟའ་བཏུང་དང་།ཞག་སྡོད།འགྲིམ་འགྲུལ།སིལ་ཚོང་སོགས་ཐོན་ལས་གསུམ་པ་མཐུན་སྦྱོར་ངང་འཕར་བར་སྐུལ་ཁྲིད་ཤུགས་ཆེན་བྱས་ནས་རྫོང་ཁོངས་ཀྱི་ཞབས་ཞུའི་དཔལ་འབྱོར་དང་འཛད་སྤྱོད་ཁྲོམ་ར་གཉིས་འཕེལ་བྱེད་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར།

ཁོ་ཆུ་གྲོང་རྡལ་གྱི་གེ་སར་རིག་གནས་ཐོན་ལས་རྟེན་གཞིའི་ནང་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་ནོར་ལུག་གི་ཁུ་ལུའི་ཐོན་རྫས་བཟོ་ཁང་ཞིག་གིས་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།བཟོ་ཁང་ནང་སྡེ་བ་ཁག་ནས་ཡོང་བའི་བུད་མེད་ཁ་ཤས་ཀྱིས་མགོ་བོ་སྒུར་ནས་བྲེལ་བརྩོན་ཆེན་པོས་ལག་ཏུ་འཇམ་ཞིང་མཉེན་པའི་ནོར་ལུག་གི་ཁུ་ལུས་བཟོས་པའི་སྐེ་དཀྲིས་ཤིག་རིན་གོང་སྒོར2000ཙམ་ལ་འཚོང་ཐུབ།

མིང་ལ“ཧྲ་ཅོན”ཞེས་པའི་ཚོང་རྟགས་ཅན་གྱི་ཕྲག་ཁེབས་དང་། ཀམ་པ་ལི། འགེལ་རུམ་སོགས་ལག་ཤེས་ཐོན་རྫས་མང་པོ་ཡོད་པ་དང་། དེ་དག་ཚང་མར་རེག་ན་འཇམ་ཞིང་ས་མཐོར་དམིགས་བསལ་དུ་ཡོད་པའི་ཐོན་རྫས་ཤིག་ཡིན་པས་ས་ཆ་དེར་རེ་བ་མང་པོ་ཞིག་སྦྱིན་འོང་།

ལོ24ལ་སོན་པའི་བསོད་ནམས་ཚེ་རིང་ནི་བཟོ་ཁང་གི་ཁོངས་མི་ཞིག་ཡིན། 2022ལོར་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བཟོ་རྩལ་མཛེས་རྩལ་འཛིན་གྲྭ་ནས་མཐར་ཕྱིན་པ་དང་ད་ལོའི་ཟླ5པར་བཟོ་ཁང་ནང་ཞུགས་རྗེས་ལག་རྩལ་རྐང་འཛིན་པར་གྱུར་ཡོད།ཉིན15ལ་སློབ་སྦྱོང་བྱས་རྗེས། ཁོས་ལག་རྩལ་འདི་ཁོང་དུ་ཆུད་པ་རེད།ད་ལྟ་ཁོས་ཉིན་གཅིག་ལ་ཁོ་གཅིག་པུས་སྐེ་དཀྲིས་ཤིག་འགྲུབ་ཐུབ་པ་མ་ཟད།ད་དུང་ངང་རྒྱུད་རིང་པོས་སློབ་མ་གཞན་དག་ལ་མཛུབ་སྟོན་བྱེད་ཀྱི་ཡོད།

ད་ཆ་བཟོ་ཁང་གིས་འཐག་མཁན25གསོ་སྐྱོང་བྱས་པ་དང་སྤྱིར་བཏང་གི་འཕྲུལ་འཁོར7ཡོད། ཉེ་སྔོན་སྐེ་དཀྲིས200ཡི་མངགས་ཐོ་ལས་སྒོར་ཁྲི4ཡི་ཡོང་འབབ་བཙལ། ལོ་ཧྲིལ་པོར་སྔོན་དཔག་བྱས་པའི་མངགས་ཐོ600ཡོད། སྐེ་དཀྲིས་ཕྱིར་འཚོང་བྱེད་པ་ཕུད་གེ་སར་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕྱིང་པ་བཟོ་བར་ཚོད་ལྟ་བྱེད་མགོ་ཚུགས།

གཟུགས་འདས་རིག་གནས་ཤུལ་བཞག་བཟོ་ཁང་གི“ལག་རྩལ་མངོན་འགྱུར”ནས་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི“རྒྱུག་ཚད་དཔལ་འབྱོར”བར་དང་།རིག་གནས་ཁང་གི“ཞབས་ཞུའི་འཛད་སྤྱོད”ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི“འཆར་འགོད་སྣེ་ཁྲིད”བར།དགའ་བདེ་རྫོང་གི་རིག་གནས་བྱ་གཞག་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱས་ནས་མེ་ཏོག་བཞད་པ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་དར་རྒྱས་ཀྱི་རྣམ་པ་མངོན།

དེ་སྔ་གཉིད་དུ་ཡུར་བའི་རིག་གནས་ཐོན་ཁུངས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་ནོར་གལ་ཆེན་བར་དང་།འབྲོག་པའི་བརྩམས་ཆོས་ནས་ཁྲོམ་རའི་ཐོན་རྫས།རིག་གནས་བྱེད་སྒོ་རྐྱང་པ་ནས་ཐོན་ལས་ཀྱི་གྲུབ་འབྲས།དགའ་བདེ་རྫོང་གིས་བརྒྱུད་རིམ་ལྡན་པའི་ངང་རིག་གནས་ཀྱི“སྟོབས་ཤུགས་ཆུང་ཆུང”དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔལ་འབྱོར་དུ་བསྒྱུར་ནས་གངས་ལྗོངས་ས་མཐོར་རིག་གནས་དམངས་ཕྱུགཐོན་ལས་བཅས་ལ་བརྟེན་ནས་རྫོང་དར་རྒྱས།དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད་དོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།