སྤྱི་ཟླ12པའི་ཚེས13ཉིན་གྱི་དགོང་མོ། བོད་ལྗོངས་ཟློས་གར་ཁང་ཆེ་མོའི་དམར་མདངས་བཀྲ་བའི་གར་སྟེགས་སྟེང་། སྙན་ཞིང་འཇེབས་ལ་དམའ་བའི་རོལ་དབྱངས་ཤིག་ལྷོད་ཀྱིས་གྲགས་བྱུང་བ་དེ་ནི། ལོ་ངོ30ཙམ་གྱི་རིང་ལ་ཁུ་སིམ་པོར་གནས་པའི་ཉིང་ཁྲི་ཀོང་ཡུལ་གྱི་གནའ་བོའི་རྒྱུད་སྐུད་རོལ་ཆ“རེ་མ”འདི་ཉིད་སླར་ཡང་གཉིད་ལས་སད་པ་དང་གཉིས་སུ་མ་མཆིས།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཀོང་ཡུལ་གྱི་གནའ་བོའི་རོལ་དབྱངས(རེ་མ)ཡི་སྙན་པའི་སྒྲ་དབྱངས་སླར་ཡང་ལྷང་ལྷང་དུ་མཆེད་པའི་ཡུལ་དངོས།
དེ་ནི་སྤྱི་ལོ2025ལོའི“སྐལ་བཟང་མེ་ཏོག”འཁྲབ་སྟོན་དུས་ཚིགས་ཁྲོད་ཀྱི«ཀོང་ཡུལ་གྱི་གནའ་དབྱངས། རེ་མའི་སྙན་དབྱངས»ཞེས་པའི་རེ་མའི་ཆེད་དོན་འཁྲབ་སྟོན་གྱི་ཡུལ་དངོས་རེད། ཐེངས་འདིའི་འཁྲབ་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་འཁྲབ་སྟོན་ཚད་ཡོད་འགན་འཁྲི་ཀུང་སི་དང་། ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད། གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་ལ། དེའང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བ་དང་། ཉིང་ཁྲི་ས་ཁུལ་དེ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་ངོ10འཁོར་བར་རྟེན་འབྲེལ་ཞུ་ཆེད་དང་། སྲོལ་རྒྱུན་གྱི་དམངས་ཁྲོད་རོལ་དབྱངས་བརྒྱུད་ནས་ཉིང་ཁྲིའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གྲུབ་འབྲས་རྣམས་ཕྱོགས་ཡོངས་ནས་མངོན་པར་བྱེད་པ་ཞིག་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། “རེ་མ”ནི་ཉིང་ཁྲི་ཀོང་པོའི་ས་ཁུལ་དུ་དར་ནས་ལོ་ངོ1200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཐུན་མོང་མ་ཡིན་པའི་རྒྱུད་སྐུད་རོལ་ཆ་ཞིག་ཡིན་མོད། འོན་ཀྱང་དུས་ཀྱི་འཕེལ་འགྲོས་དང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྒྱུན་ཆད་ལ་ཉེ་བར་གྱུར། “རྟ་རྒྱུག་རྒྱུག་གོམ་པའི་འགྲོས་དང་། མི་འབད་འབད་ལས་ཀྱི་འབྲས”ཞེས་པ་ལྟར། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པས་གཞི་རིམ་དུ་བསྐྱོད་དེ་དམངས་ཁྲོད་ཀྱི་རིག་གནས་འཚོལ་བསྡུ་བྱེད་སྐབས། ད་ལྟ་འཇིག་རྟེན་འདིར་རེ་མ་གཅིག་རང་ལས་ལྷག་མེད་པ་ཤེས་རྟོགས་བྱུང་། དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་རིགས་གཅིག་མཁས་པའི་རོགས་རམ་འོག དུས་ཡུན་ལོ་གསུམ་ཙམ་གྱི་དུས་ཚོད་སྤྱད་དེ་རེ་མའི་ལོ་རྒྱུས་དང་གཏམ་རྒྱུད་སྔོག་འདོན་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ2024ལོའི་རིག་རྩལ་གསར་རྩོམ་རོགས་སྐྱོར་རྣམ་གྲངས་ནང་བཅུག ལོ་ངོ30ལྷག་ཙམ་རིང་རྒྱུན་ཆད་པའི་རེ་མའི་བཟོ་རྩལ་དེ་གསར་གཏོད་དང་ཞིབ་འཇུག་བྱས་པ་བརྒྱུད་བསྐྱར་དུ་བཟོས་པ་དང་། ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པས་མི་སྣ་སྒྲིག་འཛུགས་ཀྱིས་སྦྱོང་བརྡར་སྤྲད་དེ་མཐར་སླར་ཡང་འཁྲབ་སྟོན་གྱི་གར་སྟེགས་ཐོག་གཟི་དཔལ་རྒྱས་ཐུབ་པ་བྱུང་ཡོད།
“མཛེས་པའི་གོས་ལ་གསེར་གྱི་རྒྱན་ཆ”ཟེར་བ་བཞིན། ཐེངས་འདིའི་འཁྲབ་སྟོན་ནི་དེང་རབས་ཀྱི་སྒྱུ་རྩལ་མཚོན་ཐབས་དང་སྲོལ་རྒྱུན་གྱི་རིག་གནས་ཟུང་དུ་འབྲེལ་བ་ཞིག་རེད། འཁྲབ་སྟོན་དངོས་ཀྱི་ནང་དོན་ནི་ཚན་པ་གསུམ་དང་རོལ་དབྱངས་བརྩམས་ཆོས12ལས་གྲུབ་ཅིང་། དེས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀོང་པོའི་རེ་མའི་སྒྱུ་རྩལ་དེ་དེང་རབས་ཀྱི་གར་སྟེགས་ཐོག་འོད་སྣང་གསར་པ་ཞིག་འཕྲོ་བར་བྱས་ཡོད།

རེ་མའི་རྒྱུན་འཛིན་པའི་བུ་མོས་དུང་བ་ཟབ་མོས(རེ་མ)དང་འབྲེལ་བའི་འདས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་གླེང་བ།
ཁྱད་པར་དུ་འཁྲབ་སྟོན་ཁྲོད་དུ་རེ་མའི་རྒྱུན་འཛིན་པ་རྒན་བློ་བརྟན་ལགས་ཀྱི་བུ་མོས་གཏམ་བརྗོད་ཟློས་གར«བློ་བརྟན་གྱི་རེ་མ»ཞེས་པ་འཁྲབ་སྟོན་བྱས་ཏེ། རེ་མ་དང་དེའི་ཁྱིམ་རྒྱུད་བར་གྱི་དུང་ཞེན་དང་ལོ་རྒྱུས་ཀྱི་གཏམ་རྒྱུད་རྣམས་གཟིགས་མོ་བའི་མིག་ལམ་དུ་གསོན་ཉམས་དོད་པོར་བཤམས་པ་རེད། འཁྲབ་སྟོན་ཡོངས་རྫོགས་ཀྱི་བརྒྱུད་རིམ་ནང་། རྒན་དར་གཞོན་གསུམ་གྱི་རོལ་མོ་བ་རྣམས་མཉམ་དུ་གར་སྟེགས་ཐོག་འཛོམས་པ་དང་། རེ་མའི་སྒྲ་དབྱངས་དེ་སྒྲ་སྙན་དང་། གླིང་བུ། དེ་བཞིན་ཐུའུ་ཝའི་རྔ་སྒྲ་བཅས་དང་མཉམ་དུ་བསྲེས་ཏེ“ཕུ་ཐུང་དཀར་ཁྲ་དང་ཕུ་རུང་སུམ་སྒྲིལ”གྱི་དཔེ་ལྟར་མཉམ་གཞུས་ཀྱི་མཛེས་པ་ངོམ་པས། ཡུལ་དངོས་ཀྱི་གཟིགས་མོ་བ་ཚོའི་དགའ་བས་བཀུར་བའི་ཐལ་མོའི་སྒྲ་དབྱངས་རྒྱུན་ཆད་མེད་པར་གྲགས་ཡོད་པ་རེད།