དགུན་མགོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཤུག་སྡོང་རི་བོའི་ཁོང་གསེང་གི་ཡའེ་ཁ་ར་གྲོག་རོང་ཆེན་མོར་མཐོ་སྒང་གི་གྲང་ངར་གྱིས་ཁྱབ་འདུག་པས། ཉི་འོད་ཀྱིས་གྲང་རླུང་བརྟོལ་ནས་ས་གཞི་ཆེན་མོར་འཕྲོས་ཡོད་ནའང་རླུང་ཆེན་གཡུག་ཚེ་གྲང་ངར་རུས་ལ་ཟུག་པའི་ཚོར་བ་སྟེར། སྐབས་དེར། ཆུ་འགྲམ་དུ་ལངས་ཡོད་པའི་འཇམ་རྡོར་གྱི་ལུས་ཡོངས་བརླན་པར་བྱས་འདུག

ཅང་མ་འགོར་བའི་གོང་དུ། ཆུ་རུ་ལྷུང་བའི་མི་མེད་གནམ་གྲུ་ཕྱིར་ལེན་ཆེད། འཇམ་རྡོར་གྲང་ངར་ཆེ་བའི་ཆུ་ནང་དུ་ཤུད་ནས་ལྷུང་། སོག་པོའི་དགོ་བས་གཟན་འཚོལ་བ་དང་སྦྲེ་རྩེད་འཇོར་རོལ་བ། གླག་རྒོད་ལྡིང་སྐོར་རྒྱག་པ་བཅས་ཟིན་ཐོར་བཀོད་པའི་སྒྲིག་ཆས་དེ་ལྟར་ཆུ་ནང་དུ་ལྷུང་།
འཇམ་རྡོར་ནི་གཏེར་ལེན་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་གཉེར་པ་ཞིག་ཡིན་པ་དང་། ལོ་འདི་དག་གི་རིང་ལ་ལས་ཀའི་བར་གསེང་དུ་བརྙན་མིག་ལ་བརྟེན་ནས་རང་བྱུང་གི་མཛེས་སྡུག་པར་དུ་བླངས་ཤིང་། མཐོ་སྒང་གི་སྐྱེ་ཁམས་འཕོ་འགྱུར་ཟིན་ཐོར་བཀོད་པ་དང་། སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་ལ་པར་ལེན་ལ་དགའ་མཁན་ཞིག་ཀྱང་རེད།
ཟླ11པའི་ཟླ་དཀྱིལ་གྱི་ཉིན་ཞིག་ལ། ནམ་མཁའ་ནི་སེང་རས་ཀྱིས་ཕྱིས་པ་བཞིན་སྔོ་བསངས་སུ་གྱུར་ཡོད། དྲོད་འཇམ་གྱི་ཉི་འོད་འཇུངས་པ་སྤུ་ཙམ་མེད་པར་རི་ཀླུང་ལ་འཕྲོས་ཡོད། སྔ་དྲོའི་ཆུ་ཚོད་བཅུ་པར། “ལམ་ལ་ཆས”ཟེར་བའི་འཇམ་རྡོར་གྱི་སྐད་སྒྲ་གྲགས་པ་དང་བསྟུན་ནས། ང་ཚོ་རེ་བས་ཁེངས་བཞིན་ཤུག་སྡོང་རི་བོའི་ཕྱོགས་སུ་ཆས་པ་ཡིན།
ང་ཚོ་གནམ་ས་གཉིས་ཀྱི་བར་ལ་ཆགས་པའི་མཛེས་ལྗོངས་ཁྲོད་དགའ་བའི་དཔལ་གྱིས་བཟི་བའི་དུས་དེར། འཇམ་རྡོར་གྱིས་གློ་བུར་དུ་འཁོར་བསྒག་མནན་ནས་སྐད་དམའ་མོས“གཡས་ཕྱོགས་ལ་ལྟོས་དང”ཞེས་གསལ་འདེབས་བྱས། ཁོས་བསྟན་པའི་ཕྱོགས་སུ་བལྟས་པ་ན། ཐག་མི་རིང་བའི་རི་ལྡེབས་སུ་བྱ་ཀི་ཐིག་འགའ་བག་ཕེབས་ངང་བགྲོད་བཞིན་འདུག་ལ། སྐྱ་མདོག་གི་གཤོག་སྒྲོ་ཕལ་ཆེར་བྲག་རྡོ་དང་གཞི་གཅིག་ཏུ་འདྲེས་འདུག
རླངས་འཁོར་སྐར་མ་བཅུ་ལའང་མ་བགྲོད་པར་ཁོ་རང་ཡང་བསྐྱར་དལ་བུར་བསྡད་དེ། རྒྱང་རིང་གི་རི་ལྡེབས་སྟོན་ཞོར“ཕར་ཕྱོགས་ལ་ལྟོས་དང་དགོ་བ་ཁྱུ་གཅིག་འདུག”ཟེར། ང་ཚོས་ཁོའི་མཛུབ་སྟོན་བྱས་པའི་ཕྱོགས་སུ་ཤུགས་ཀྱིས་བལྟས་པ་ཡིན། དང་ཐོག་རི་ཐང་སྐྱ་བོ་ལས་ཅི་ཡང་མི་མཐོང་བ་དང་། མིག་གིས་རྒྱང་རིང་གི་རི་དབྱིབས་དང་འོད་གཟུགས་ལ་ལྟ་བར་གོམས་རྗེས། ད་གཟོད་རིམ་བཞིན་སྤོ་འགུལ་གྱི་གཟུགས་བརྙན་དེ་དག་དབྱེ་འབྱེད་བྱེད་ཐུབ་སོང་།
“ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་དངོས་གནས་ཇེ་ཡག་ཏུ་ཕྱིན་འདུག”ཟེར་བཞིན། འཇམ་རྡོར་གྱིས་ཕྱོགས་གཅིག་ནས་པར་ཆས་སྤྱད་དེ་ཟིན་ཐོར་འགོད་པ་དང་ཕྱོགས་གཅིག་ནས་ཚོར་སྣང་ཟབ་མོའི་ངང“ད་སྐབས་རི་ཁུལ་ནས་མཐོང་ཐུབ་པའི་སྲོག་ཆགས་ཀྱི་སྣ་ཁ་དང་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་བཤད།
སྐད་ཆ་དེ་བཤད་མ་ཐག་ཁོའི་སྐད་ཆར་ར་སྤྲོད་བྱ་ཆེད་ཡིན་པ་ནང་བཞིན། སྦྲེ་ཆུང་ཆུང་ཞིག་གང་ནས་འཛུལ་ཡོང་མིན་མི་ཤེས་པར་སྣང་བ་སྐྱིད་པོའི་ངང་འགྲེ་ལྡོག་ཁ་ཤས་བརྒྱབ་པས་སྤུ་སོབ་སོབ་ཀྱི་གཟུགས་བརྙན་དེ་བས་དགོད་བྲོ་བ་ཞིག་རེད།
མཐོ་སྒང་དུ་སྐྱོད་སྐབས་མི་མང་པོ་ཞིག་གིས་རི་སྐྱེས་སྲོག་ཆགས་དང་འཕྲད་ཐུབ་པ་དེ་ནི་ཧ་ཅང་སྟབས་ལེགས་པའི་བྱ་བ་ཞིག་རེད་ཅེས་བརྗོད་ལ། སྟེས་དབང་དུ་འཕྲད་པའི་སྤྲོ་དགའ་རེ་རེ་བསྣམས་ནས། ཉིན་གུང་ལ་སླེབས་མཚམས་སུ། ང་ཚོ་རི་ཁུག་གི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཡའེ་ཁ་ར་བདག་སྐྱོང་ས་ཚིགས་སུ་འབྱོར། སྟབས་མ་ལེགས་པ་ཞིག་ལ་ས་ཚིགས་སུ་མི་གཅིག་ཀྱང་མི་འདུག “ཁོ་ཚོ་ཚང་མ་སྐོར་སྲུང་བྱེད་པར་ཕྱིན་སོང་།” འཇམ་རྡོར་གྱིས་བཤད་རྒྱུར། “དུས་ཚིགས་འདིར་ས་སྐམ་རྡོ་སྐམ་ཡིན་སྟབས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཆེ་བས།ཉིན་ལྟར་ངེས་པར་འགན་འཁྲིའི་ཁུལ་དུ་སྐོར་སྲུང་ཐེངས་གཅིག་བྱེད་དགོས་པ”རེད་ཅེས་ང་ཚོར་གསལ་བཤད་བྱས།
སོ་སོས་ཁྱེར་བའི་བྲོ་ཁ་སྟབས་བདེ་ཞིག་ཟོས་རྗེས། ང་ཚོ་འཇམ་རྡོར་གྱི་གཞུག་ལ་དེད་ནས་ཡའེ་ཁ་ར་གྲོག་རོང་ཆེན་མོའི་ཕྱོགས་སུ་བསྐྱོད་དེ་ཐེངས་འདིའི་དམིགས་འབེན་གལ་ཆེ་ཤོས་ཏེ་ཤྭ་བ་སེར་ཆེན་འཚོལ་བར་ཕྱིན་པ་ཡིན།

སྔར་ལས་གོ་ཆོད་ཀྱི་སྒོ་ནས་ཤྭ་བ་སེར་ཆེན་གྱི་རྗེས་ཤུལ་འཚོལ་བའི་ཆེད་དུ། འཇམ་རྡོར་གྱིས་མི་མེད་གནམ་གྲུའི་སྒོ་ཕྱེ་སོང་། སྒྲིག་ཆས་ཡར་འཕགས་ནས་གྲོག་རོང་གི་ཟབ་སར་འཕུར། ཁོས་བློ་རྩེ་གཅིག་སྒྲིམ་གྱིས་འཆར་ངོས་ལ་ཅེར་ནས་མི་རྣམས་ཀྱི་རྗེས་ཤུལ་ཕབ་དཀའ་བའི་ཆུ་འགག་ནས་སྲོག་ཆགས་འགུལ་སྐྱོད་ཀྱི་གཟུགས་བརྙན་ཡག་པོ་མཐོང་བར་ཚོད་ལྟ་བྱས། པར་ལེན་གྱི་ཟུར་ཚད་དེ་བས་ལེགས་སུ་གཏོང་ཆེད་ཁོས་རི་སྐྱེས་སྲོག་ཆགས་ལ་འདྲོག་མི་སློང་བའི་སྔོན་འགྲོའི་ཆ་རྐྱེན་འོག་བྱང་ཆུབ་པའི་སྒོ་ནས་མི་མེད་གནམ་གྲུ་ཚོད་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་མཐོ་སྒང་གི་གནམ་གཤིས་སྐད་ཅིག་ཙམ་ལ་འགྱུར་ལྡོག་འབྱུང་བ་དང་སྔ་ལྟས་སྤུ་ཙམ་ཡང་མེད་པའི་རླུང་འཚུབ་དྲག་པོ་ཞིག་གིས་གློ་བུར་དུ་འཇབ་རྒོལ་བྱས་པས་བརྙན་ཤེལ་ཐོག་གི་པར་རིས་གཡོ་སྐྱོམ་དྲག་པོ་བྱེད་མགོ་ཚུགས།
“མ་བཟང་ཐལ།”འཇམ་རྡོར་གྱི་ངག་ལས་ཧ་ལས་པའི་སྐད་སྒྲ་ཞིག་ཤོར་བ་ན། པར་རིས་བརྡ་རྟགས་གློ་བུར་དུ་ཆད་སོང་། འཆར་ངོས་ནག་པོར་གྱུར། མི་མེད་གནམ་གྲུ་གྲང་ངར་ཆེ་བའི་ཆུ་ནང་དུ་ལྷུང་།
ང་ཚོ་བྲེལ་འཚུབ་ངང་ཆེས་ཐག་ཉེ་བའི་འགྲམ་ངོགས་སུ་ཐོན་པ་དང་། རྒྱང་རིང་ནས་མི་མེད་གནམ་གྲུ་དེ་ཉམ་ཆུང་ངང་ཆུ་ཁར་གཡེང་བ་མཐོང་ཞིང་། མི་མེད་གནམ་གྲུའི་ལྷུ་ལག་ཁ་ཤས་གྲམ་ཐང་གི་རྡོ་སྟེང་དུ་ལུས་ཡོད་པ་མཐོང་།
འཇམ་རྡོར་གྱིས་ཉེན་ཁ་བརྒྱུད་ནས་ཕྱིར་ལེན་རྩིས་བྱས། ཁོས་ཆུ་འགྲམ་དུ་དར་སྲབ་མོ་ཆགས་ཡོད་པ་མཐོང་ནས་ཤུགས་ལ་བརྟེན་ནས་དར་ངོས་ནས་ཉེ་སར་བཅར་འདོད། དར་ངོས་སྲབ་ལ་ཤུད་སླ་བ་སུས་ཤེས། ཁོ་སེམས་ཆུང་སྒོས་ཡར་སོང་མ་ཐག“ཀག་སྒྲ”ཞིག་གྲག་པ་དང་མཉམ་དུ་དར་ངོས་ལ་ཆག་གྲུམ་ཤོར་སོང་། ཁོའི་ལུས་པོ་དོ་མཉམ་མ་ཡོང་བར་གྲང་རེག་རུས་པར་ཟུག་པའི་ཆུ་ནང་དུ་ལྷུང་།
ང་ཚོ་བྲེལ་འཚུབ་ངང་མདུན་དུ་སོང་བ་ན་ཁོ་ཆུ་ནང་ནས་འཕག་འཚག་བྱས་ཏེ་ཡར་ལངས་པ་མཐོང་ལ།ལག་ཏུ་ད་དུང་རྒྱང་འཛིན་དམ་པོར་བཟུང་ནས་བཤད་རྒྱུར། “སྐྱོན་མི་འདུག ང་ལ་སྐྱོན་ཅི་ཡང་མ་བྱུང་། མི་མེད་གནམ་གྲུ་རྩ་བ་ནས་གཟིམ་དགོས་རྒྱུ་རེད”ཅེས་བཤད།
མི་མེད་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེ་བྱུང་རྗེས། ང་ཚོས་ཚན་རྩལ་མཐོ་བའི་བྱེད་ཐབས་དོར་ནས་ཆུ་འགྲམ་བརྒྱུད་དེ་མུ་མཐུད་མདུན་སྐྱོད་བྱས་ཏེ་མིག་ཟུང་ལ་བརྟེན་ནས་ཞིབ་ཕྲའི་ངང་བཙལ་བ་ཡིན། རྒྱང་རིང་ནས་ཤྭ་སྐད་འགའ་གྲགས་བྱུང་། ང་ཚོར་ཤྭ་བ་སེར་ཆེན་ཉེ་འགྲམ་ན་ཡོད་པར་ཡིད་ཆེས་བརྟན་པོ་སྐྱེས་མོད། འོན་ཀྱང་མིག་ལམ་དུ་མངོན་རྒྱུ་མ་བྱུང་།
མཇུག་མཐར་ཆུ་བོའི་དཀྱོགས་མཚམས་ཤིག་བརྒྱུད་སྐབས། འཇམ་རྡོར་གྱིས་ལག་པ་དལ་གྱིས་ཡར་བཀྱགས་ནས་ང་ཚོ་འདུག་དགོས་པའི་བརྡ་བསྟན། ཁོས་བསྟན་པའི་ཕྱོགས་སུ་བལྟས་པ་ན།དྭངས་གཙང་གི་ཆུ་བོའི་ཁྲོད་དུ།ཤྭ་བ་སེར་ཆེན་ཉི་ཤུ་སུམ་ཅུ་ཞིག་གྲལ་བསྒྲིགས་ནས་གཙང་པོ་རྒལ་བཞིན་འདུག

“ཤྭ་བ་སེར་ཆེན་དེ་དག་ནི་སྐྱེ་ཁམས་ལེགས་ཕྱོགས་སུ་འཕེལ་བའི་ཆེས་གསོན་ཉམས་ལྡན་པའི་བདེན་དཔང་རེད།”འཇམ་རྡོར་གྱིས་སྐད་དམའ་མོས་བཤད་ཞོར། མིག་མདངས་ཐོག་མཐའ་བར་གསུམ་དུ་སྙན་ཞིང་འཇེབས་པའི་གཟུགས་བརྙན་དེ་དག་གི་རྗེས་སུ་འབྲངས་པ་དང་། “ད་སྐབས་དུས་རྒྱུན་རི་ཁུལ་ནས་དེ་དག་དང་འཕྲད་ཐུབ། མཐོང་ཐེངས་རེར་ལས་ཀ་དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ཚོར་སྣང་སྐྱེ་ཡོང”ཟེར།
ཕྱིར་ལོག་པའི་ལམ་བར་དུ། ང་ཚོ་ཡང་བསྐྱར་མཆོང་ལྡིང་བྱེད་བཞིན་པའི་རི་བོང་དང་འཕྲད་ཅིང་། དབྱུག་ཤིང་སྟེང་འགྲེང་ཡོད་པའི་གཏུམ་བྱའི་རིགས་སྣ་ཚོགས་མཐོང་ལ། ཤྭ་སྐད་སྔར་བཞིན་རྣ་ལམ་དུ་གྲག་བཞིན་འདུག
ཉི་མ་རི་ལ་ནུབ་ནས་ས་མ་རུབ་སྔོན་ལ་གཏེར་ལེན་ཁ་རུ་འབྱོར། ཡའེ་ཁ་ར་གྲོག་རོང་ཆེན་མོར་ཕྱིར་ལྟ་བྱས་པ་ན། ལ་ཁའི་ཉི་འོད་ཀྱིས་རྒྱང་རིང་གི་གངས་རིར་དྲོད་འཇམ་གྱི་འོད་མདངས་བྱུགས་ཡོད། །