ཟླ12པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་གྲོས་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་འགག་སྒྲོལ་དང་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཛུགས་སྐྲུན་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུའི་ཐོག་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན། ཙུང་ལི་ལི་ཆང་གི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གིས་ཕྱི་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་དུ་འཐབ་ཇུས་ངེས་ཤུགས་སྲུང་འཛིན་དང་། སང་ལོའི་སྲིད་ཇུས་སྤྱོད་ཕྱོགས་དང་གཙོ་གནད་ལས་འགན་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་གཙོ་རྒོལ་ཁ་ཕྱོགས་གསལ་བར་བྱེད་པ། ཡང་དག་པའི་སྲིད་འབྲས་ལྟ་བ་ཆགས་པ་དང་ལག་ལེན་བྱེད་པའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་བྱ་བའི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་བ། བྱ་བའི་ཚན་རིག་རང་བཞིན་དང་སྔོན་མཐོང་རང་བཞིན། རང་འགུལ་རང་བཞིན་བཅས་སྔར་ལས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་བརྟན་བརླིང་ཁྲོད་ལེགས་ཕྱོགས་སུ་འཕེལ་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་པ། མཁར་གྲོང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་བ་སོ་སོའི་ཐད་འབད་བརྩོན་ཆེན་པོ་དང་དངོས་ཕན་དོན་གཉེར་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་འགྲོ་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཟླ12པའི་ཚེས8ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དམ་འཛིན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་སྤུས་འདེགས་ཕན་སྐྱེད་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་བརྟན་བརླིང་ཁྲོད་ལེགས་ཕྱོགས་སུ་འཕེལ་བའི་ཁ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ལོ་མཇུག་དང་ལོ་འགོར་དམངས་འཚོ་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་འཁུར་ནས་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་ཐོག་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྔར་ལས་མཐོང་ཆེན་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྲུང་སྐྱོབ་བྱེད་དགོས། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། བསམ་འཆར་དང་གྲོས་གཞིར་ནན་ཏན་གྱིས་ཉན་ཏེ་འཕེལ་རྒྱས་ཀྱི་སྒྲིལ་ཤུགས་རྒྱ་ཆེར་གཅིག་སྒྲིལ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐོག་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ“དུས་ཚོད་ལྡོག་རྩིས”ཀྱི་ཛ་དྲག་གི་འདུ་ཤེས་བཅངས་ནས་ནུས་ཤུགས་ཡོད་རྒུས་ཤུགས་ཆེ་རུ་གཏོང་བ་དང་མྱུར་ཚད་འདེགས་པ། མྱུར་ཚད་བརྩོན་པ་བཅས་བྱས་ཏེ་ལོ་ཧྲིལ་པོའི་མཇུག་སྒྲིལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་གནད་འཁེལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་ལས་འཕར་སྣོན་གྱི་གཞི་རྩའི་རྣམ་པ་བརྟན་པོ་ཡོང་བར་བྱེད་པ་དང་། དངུལ་གཏོང་མར་ཆག་པ་དང་བརྟན་བརླིང་སླར་གསོ་ཡོང་བར་ཡར་སྐུལ་གཏོང་བ། འཛད་སྤྱོད་རྒྱུན་མཐུད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་གཞི་གྲངས་སྡོམ་རྩིས་ཀྱི་བྱ་བ་ལེགས་པར་སྒྲུབ་སྟེ་འབད་བརྩོན་ཆེན་པོས་འབྲས་བུ་ཡག་ཤོས་ལེན་དགོས། ཧུར་བརྩོན་དང་རང་འགུལ་ངང་ཕྱོགས་མང་པོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་སང་ལོའི་བྱ་བར་ཇུས་འགོད་ཡག་པོ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོ་ཡག་པོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དམ་འཛིན་བྱས་ཏེ། དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོ་དང་ཟུང་འབྲེལ་བྱས་ཏེ། སྲིད་ཇུས་དང་ལས་གཞིའི་འདེགས་སྐྱོར་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་པོའི་འགན་འཁྲི་དངོས་འབེབས་བྱས་ཏེ། གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་འཛུགས་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ཀྱི་ལམ་སྲོལ་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་འགན་སྲུང་གི་གཅིག་འདོམས་མཐུན་སྦྱོར་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཚོགས་འདུ་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།