ཏིང་ཞུའེ་ཞང་གིས་སིང་ཀ་ཕོར་གྱི་ཙུང་ལི་གཞོན་པར་མཇལ་འཕྲད་གནང་བ་མ་ཟད་ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་ཚོགས་འདུར་འགོ་འཛིན་མཛད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཁྲུང་ཆིང་དུ་སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཡན་ཅིན་ཡུང་ལ་མཇལ་འཕྲད་གནང་བ་མ་ཟད།  ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་པོའི་མཉམ་ལས་མཉམ་འབྲེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་དང་། ཀྲུང་གོ་དང་སིང་ཀ་ཕོར་གྱི་སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གྱི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པ། ཀྲུང་གོ་དང་སིང་ཀ་ཕོར་གྱི་ཐེན་ཅིན་སྐྱེ་ཁམས་གྲོང་ཁྱེར་གྱི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་བདུན་པ། ཀྲུང་གོ་དང་སིང་ཀ་ཕོར་གྱི་ཁྲུང་ཆིན་འཐབ་ཇུས་རང་བཞིན་གྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་དཔེ་སྟོན་རྣམ་གྲངས་ཀྱི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དགུ་པ་བཅས་ལ་མཉམ་དུ་འགོ་འཛིན་མཛད།

མཇལ་འཕྲད་གནང་སྐབས་ཏིང་ཞུའེ་ཞང་གིས་ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བ་དུས་ཡུན་རིང་བོར་གཏན་འཇགས་འཕེལ་རྒྱས་བྱུང་བ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་པར་རག་ལས། ཕྱོགས་གཉིས་པོས་མུ་མཐུད་དུ་ཕན་ཚུན་ལ་བཅངས་པའི་ཡིད་ཆེས་ཇེ་ཟབ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱས་ཏེ། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཛའ་མཐུན་འབྲེལ་བ་དང་གཉིས་ཕན་མཉམ་ལས་ཡིན་རིང་བོར་འཕེལ་བར་ཁག་ཐེག་བྱ་དགོས་པ་བསྟན།

ཡན་ཅིན་ཡུང་གིས་སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་གཅིག་གི་སྲིད་ཇུས་གོང་བཀུར་བརྟན་པོ་བྱས་ནས“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་འགྲོ་འོང་ཇེ་དམ་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།

ཏིང་ཞུའེ་ཞང་གིས་ཡན་ཅིན་ཡུང་དང་ལྷན་དུ་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་ཚོགས་འདུ་བཞི་ལ་འགོ་འཛིན་མཛད་པ་དང་། ཁྱོན་ཡོངས་ནས་དངོས་གཉེར་མཉམ་ལས་ཀྱི་འཕེལ་རིམ་ལ་ལེགས་སྒྲིག་དང་ཕྱོགས་སྡོམ་བྱས་ཏེ་དུས་རིམ་རྗེས་མའི་མཉམ་ལས་ཁ་ཕྱོགས་དང་གཙོ་གནད་ཁ་གསལ་བཟོས། ཕྱོགས་གཉིས་ཀས་འཕེལ་རྒྱས་འཆར་འགོད་འབྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས་ལས་གཞི་གལ་ཆེན་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྟོབས་ལྡན་གཏོང་བ། མཉམ་དུ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་འཕེལ་རྒྱས་དང་ས་ཁུལ་དར་རྒྱས་བརྟན་བརླིང་ལ་སྔར་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བར་མོས་མཐུན་བྱུང་།

ཚོགས་འདུ་གྲོལ་རྗེས།  ཏིང་ཞའེ་ཞང་དང་ཡན་ཅིན་ཡུང་གིས་ལྷན་དུ་ཀྲུང་གོ་དང་སིང་ཀ་ཕོའི་མཉམ་ལས་གྲུབ་འབྲས་འགྲེམས་སྟོན་ལ་བདེན་དཔང་གནང་བ་དང་།  ཀྲུང་གོ་དང་སིང་ཀ་ཕོའི་སྣ་མང་མཉམ་འདྲེན་དཔེ་སྟོན་ལས་གཞི་ཁྲུང་ཆིང་ནས་ཨེ་ཤེ་ཡ་དབུས་མ་དང་། ཁྲུང་ཆིང་ནས་ཨེ་ཤེ་ཡ་ཤར་ལྷོའི་བར་གྱི་རྒྱལ་སྤྱིའི་དུས་གཏན་མེ་འཁོར་གཏོང་བའི་མཛད་སྒོར་ཞུགས།  ཀྲུང་གོ་དང་སིང་ཀ་ཕོའི་ཕན་ཚུན་སྦྲེལ་མཐུད་ལས་གཞིའི་ཕྱོགས་བསྡུས་འགྲེམས་སྟོན་ཚོམས་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གྱི་གྲངས་འཛིན་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་ལ་གཟིགས་སྐོར་གནང་།

ཡོན་ཅ་ཅུན་གོང་གི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།