ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རང་མདངས་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལྗང་མདོག་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རང་མདངས་གསལ་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་ལས་འགན་ཅི་ཙམ་ལྕི་ན་དེ་ཙམ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། 2025ལོར། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བཏོན་ནས་ལོ20འཁོར་བའི་ལོ་ཡིན་ལ། “ཐཱན་གཉིས”ཀྱི་དམིགས་འབེན་བཏོན་ནས་ལོ5འཁོར་བའི་ལོ་ཡང་ཡིན། ལོ་གཅིག་གི་རིང་། “ལྗང་མདོག”ལ་བརྟེན་ནས་མདུན་སྐྱོད་བྱེད་པའི་ཀྲུང་གོར་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་གྱི་གོམ་སྟབས་བརྟན་པོ་དང་། གྲུབ་འབྲས་མངོན་གསལ་ཐོབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་སྒུལ་ནུས་བསྩལ།

ད་ལྟའི་ཀྲུང་གོར། ལྗང་མདོག་ནི་ཆེས་ཡིད་དུ་འོང་བའི་བཀྲག་མདངས་ཤིག་ཡིན། ཤར་རྒྱ་མཚོའི་ངོགས་སུ་སྨི་བརྒྱ་ལས་བརྒལ་བའི་རླུང་ཤུགས་གློག་གི་གཤོག་འདབ་མང་པོ་ཧྥུ་ཀྲོའུ་གྲུ་ཁ་ནས་ཡོ་རོབ་ཏུ་སྐྱེལ། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་རླུང་གློག་འཕྲུལ་ཚན་གྱི་ཕྱིར་གཏོང་རིམ་རྩིས་བྱས་ན་སྒོར་ཐེར་ཆེན་ལས་བརྒལ་ཡོད་ལ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཞེ་བཞི་དང་གྲངས་ཆུང་དགུ་འཕར།

འབྲི་ཆུ་རིང་མོར་བསྐྱོད་པའི་ལྗང་མདོག་གྲུ་གཟིངས་མགྱོགས་མྱུར་ངང་འཕེལ་བའི་རྣམ་པ་མངོན། ད་ལོའི་ཟླ9པའི་བར། འབྲི་ཆུའི་མ་ལམ་བསྐྲུན་ནས་ནུས་ཁུངས་གསར་པའི་གྲུ་གཟིངས་བརྒྱ་དང་ང་དྲུག་དབོར་འདྲེན་བྱས་པ་དེ་ན་ནིང་གི་དུས་མཉམ་ལས་ལྡབ་གཉིས་འཕར། འཛམ་གླིང་གི་ལྗང་མདོག་གྲུ་གཟིངས་ཀྱི་མངགས་ཐོའི་ནང་བརྒྱ་ཆའི་བདུན་ཅུ་ཙམ་ནི་ཀྲུང་གོ་ནས་ཡོང་བ་རེད།

ལོ་ངོ་སྟོང་གི་ཞུང་ཨན། “དབུགས་འབྱིན་རྔུབ”དང“གློག་འདོན”ཐུབ་པའི་ཐོག་ཁང་ཆེན་མོ་ཡིས“ཐཱན་མེད་གླིང་ཁུལ”ཞིག་གྲུབ་ལ། ད་ལོར་གསར་དུ་ལས་འགོ་ཚུགས་པའི་ལས་གཞི་ཚང་མ་སྐར་རིམ་མཐོ་བའི་ལྗང་མདོག་བཟོ་བཀོད་རེད།

ཡུལ་རྣམ་རེ་རེའི་འོག་ཏུ། སྐྱེ་སྟོབས་ཀྱིས་ཁེངས་པའི་ལྗང་མདོག་གི་སྟོབས་ཤུགས་ཡིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་གི་ལྷུ་ཚིགས་ཡིན། ད་ལོའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དུས་མི་འདྲ་བར་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ཏུ་བསྟར་དགོས་པ་ཐེངས་མང་པོར་ནན་གྱིས་གསུངས་ལ།“བཟོ་སྐྲུན་ལས་རིགས་ཀྱིས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་གསུམ་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་ཇེ་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན”པ་དང་།  “ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བ་ཡིན”ཞེས་བསྟན་ལ། “གཙོ་གནད་དུ་ནུས་ཁུངས་ཚུལ་སྒྱུར་དང་། ཐོན་ལས་རིམ་སྤར། སྣ་མང་འཕེལ་རྒྱས་འོས་འཚམ་བཅས་དམ་འཛིན་བྱ་དགོས”པ་ནན་བཤད་གནང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་རྩེ་ཚོགས་སྟེང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བརྙན་རིས་ལམ་ནས་ཤིས་ཚིག་ཕུལ་ཏེ། ཀྲུང་གོའི་རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་རང་བརྟེན་བྱས་རྗེས་དམིགས་འབེན་ཁྱབ་བསྒྲགས་གནང་བ་དང་། དེ་ནི་ཀྲུང་གོས་ལྟོས་མེད་ཀྱི་བཙོག་འབུད་ཉུང་གཏོང་གི་དམིགས་འབེན་ཐོག་མར་བཏོན་པ་ཞིག་ཡིན་པ་མ་ཟད། དཔལ་འབྱོར་གྱི་ཁྱབ་ཁོངས་ཡོངས་སུ་ཁྱབ་པ་དང་དྲོད་ཁང་རླུང་གཟུགས་ཆ་ཚང་ཚུད་ཡོད།

ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྤྱི་ཚོགས་དང་སྐྱེ་ཁམས་ཤེས་དཔལ་སློབ་དཔྱོད་ཁང་གི་དགེ་རྒན་ཆེན་མོ། ཝང་རུའུ་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས”པའི་བླང་བྱ་བཏོན་ཡོད། ང་ཚོས་མཐོང་གསལ་ལྟར། ཀྲུང་གོའི་ལྗང་མདོག་དཔལ་འབྱོར་ཚུལ་སྒྱུར་དེ་སྔར་ལས་གཏིང་ཟབ་པའི་འགག་སྒྲོལ་དུས་རིམ་དུ་སླེབས་པ་དང་བསྟུན་ནས། ལོ་གཅིག་གི་རིང་། ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་གྱི“ཕྱོགས་ཡོངས”འདི། ཁུལ་ཁོངས་འཕེལ་རྒྱས་དང་། ཐོན་ལས་གྲུབ་ཚུལ། ནུས་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། མཁར་གྲོང་འཛུགས་སྐྲུན། འཛད་སྤྱོད་རྣམ་པ། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་མི་འདྲ་བ་ཚུད་ཡོད་པས། ལྗང་མདོག་ཚུལ་སྒྱུར་གྱི་བླང་བྱ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་རྒྱུན་མི་ཆད་པར་བྱེད་པའི“ཕྱོགས་ཡོངས”ཡིན་ལ། དེ་བས་ཕྱོགས་མཐའ་ཡོངས་དང་། ཁྱབ་ཁོངས་ཡོངས། ས་ཁོངས་ཡོངས་བཅས་ཀྱིས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི“ཕྱོགས་ཡོངས”ཤིག་རེད།

2025ལོར། ལྗང་མདོག་ཐཱན་ཉུང་དེ་བཅོས་སྒྱུར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་ནས་ངར་ལྕགས་དང་། ཨར་འདམ། ཧ་ཡང་བཙོ་སྦྱང་བཅས་ཀྱི་ལས་རིགས་སུ་རྒྱ་སྐྱེད་ཅིང་། རྒྱལ་ཡོངས་ཀྱི་ཐཱན་འཕུད་ཚད་བརྒྱ་ཆའི་དྲུག་ཅུ་ཡན་ལ་ཁེབས་པ་དང་། འཛམ་གླིང་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་ཁྲོམ་ར་བསྐྲུན་ཏེ། གློག་བརྟེན་ཧ་ཡང་དབྱེ་འབྱེད་སོགས་ཐོན་རྫས་རིགས་བཅུ་གསུམ་གྱི་ཐཱན་རྐང་རྗེས་ཞིབ་རྩིས་རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་ནས། ཐཱན་མེད་གླིང་ཁུལ་འཛུགས་སྐྲུན་ཐད་ལའང་འཆར་འགོད་ཁ་གསལ་བཟོས།

2025ལོར། ལྗང་མདོག་ནུས་ཁུངས་ཚུལ་སྒྱུར་ལས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཀྲུང་གོའི་མྱུར་ཚད”ཐོན། ཟླ་དང་པོ་ནས་བཅུ་པའི་བར། སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་དང་། གློག་འདོན་ཚད་བརྟན་བརླིང་ངང་འཕར་བ། ཚད་བརྒལ་གསར་པ་མངོན་འགྱུར་བཅས་བྱས་ནས། གློག་འདོན་འཕྲུལ་འཁོར་གྱིས་སྤྱིའི་གློག་འདོན་ཚད་སྟོང་ཝ་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་གཉིས་ལ་སླེབས་པ་དང་། རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་གྱིས་སྤྱིའི་གློག་འདོན་ཚད་གྱི་ཤོང་ཚད་ཀྱི་བརྒྱ་ཆའི་དྲུག་ཙམ་ཟིན་ཞིང་། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་པའི་ཁྲོད། ཏུའུ་གསུམ་རེ་ལས་ཏུའུ་གཅིག་ལས་བརྒལ་བ་ནི་ལྗང་མདོག་གི་གློག་ཡིན། རྣམ་པ་གསར་པའི་ནུས་ཁུངས་གསོག་འཇོག་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་དུང་ཕྱུར་གཅིག་ལས་བརྒལ་ཞིང་། འཛམ་གླིང་གི་གློག་འདོན་འཕྲུལ་འཁོར་གྱི་སྤྱིའི་གློག་འདོན་ཚད་ཀྱི་བསྡུར་ཚད་ལས་བརྒྱ་ཆའི་བཞི་བཅུ་ལས་བརྒལ་བ་ཟིན་ལ།  ཆིན་ནུས་ཐོན་ལས་འཕེལ་རྒྱས་མགྱོགས་པ་དང་། ལག་རྩལ་གྱི་དམིགས་ཚད་མང་པོ་ཞིག་འཛམ་གླིང་གི་ཨང་དང་པོར་སླེབས།

2025ལོར། ལྗང་མདོག་ཐོན་ལས་ཅན་གྱི་མ་ལག་མགྱོགས་མྱུར་ངང་གྲུབ་པར་བྱས། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་སྐྱེད་བྲིན་ཚད་བསྟུད་མར་ལོ10ལ་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་གཞི་ཁྱོན་སྒོར་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་གཅིག་ཡས་མས་སུ་སླེབས་ལ། མིག་སྔའི་བར། རྒྱལ་ཡོངས་སུ་ལྗང་མདོག་བཟོ་གྲྭ་6430དང་། ལྗང་མདོག་བཟོ་ལས་གླིང་ཁུལ་491། ལྗང་མདོག་མཁོ་སྤྲོད་མུ་ཕྲེང་ཁེ་ལས727སྐྱེད་སྲིང་བྱས་པ་དང་། ལྗང་མདོག་ཐོན་རྫས་སྣ་ཁྲི་4ལྷག་ཁྱབ་གདལ་བཏང་།

2025ལོར། ལྗང་མདོག་ཉོ་ཚོང་རྒྱུན་མ་ཆད་པར་ལེགས་བསྒྱུར་རིམ་སྤོར་བྱུང་། ཟླ་སྔོན་མ་བཅུའི་ནང་། ནུས་ཁུངས་གསར་པའི་རླངས་འཁོར་དང་ལིས་གློག་རྫས། འོད་ཤུགས་སོགས“རིགས་སྣ་གསར་པ་གསུམ་”གྱི་ཐོན་རྫས་དང་ལྕགས་ལམ་གློག་ཤུགས་མེ་འཁོར། རླུང་ཤུགས་གློག་འདོན་འཕྲུལ་འཁོར་སོགས་ལྗང་མདོག་ཐོན་རྫས་ཕྱིར་གཏོང་འཕར་ཚད་གྲངས་གནས་གཉིས་ལ་སླེབས་ནས། ལྗང་མདོག་ཉོ་ཚོང་དེ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་ཇེ་བརྟན་དང་གྲུབ་ཆ་ལེགས་བསྒྱུར་བྱེད་པའི་འདེགས་སྐྱོར་གཙོ་བོར་གྱུར།

2025ལོར། ལྗང་མདོག་གི་འཚོ་བའི་དར་སྲོལ་བཟང་བོ་ཆགས། ཀྲུང་གོས་གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་དྲ་བ་བསྐྲུན་ནས། རླངས་འཁོར5རེར་གློག་གསོག་སྤྱད2རེ་ཡོད་པར་བྱས། ཞིང་ཆེན27གྱིས་ཐཱན་ཀུན་ཕན་གྱི་འབྲེལ་ཡོད་སྲིད་ཇུས་བཏོན་པ་དང་། དེའི་ནང་གློག་སྤྱོད་གྲོན་ཆུང་དང་དངོས་རྙིང་ཕྱིར་བསྡུ་སོགས་ལྗང་མདོག་གི་འཚོ་བའི་རྣམ་པ་ཚུད།

2025ལོར། ལྗང་མདོག་གི་ཇུས་གཞིས་གོ་ལ་ཧྲིལ་པོར་ཕན་བཏགས། ད་ལོ་ནི་《ཕ་རི་སིའི་གྲོས་མཐུན》བཀོད་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་ལ། ད་ལྟའི་ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྣེ་ཁྲིད་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཀྱིན་ཡོད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ43བར་གནམ་གཤིས་འགྱུར་ལྡོག་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་བསམ་ཤེས་བརྗེད་ཐོ55བཀོད་ལ། ནུས་ཤུགས་འཛུགས་སྐྲུན་ལས་གཞི་སུམ་བརྒྱ་ལྷག་ལག་བསྟར་བྱས།

པི་མ་ཝེ་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་འགན་འཁྲི་སྡེ་ཁག་གི་འགན་འཁུར་བ་ཀེ་ཅེ·ཨ་ཁེ་ཡིས་བཤད་རྒྱུར།

ད་ལྟ་ང་ཚོས་ཀྲུང་གོའི་བྱ་སྤྱོད་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་ལྗང་མདོག་ཚུལ་སྒྱུར་ཁྱབ་ཁོངས་སུ་བྱ་བ་མང་པོ་བསྒྲུབས་པ་མ་ཟད། ད་དུང་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་ཡོད་ལ། ང་ཚོས་ཀྲུང་གོས་མུ་མཐུད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བཅངས་ཡོད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞི》ལས“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར”ཆེད་དོན་བཀོད་སྒྲིག་བྱས་ཡོད་པ་དང་། སྔོན་ཏག་ཏག་ལ་གྲོལ་བའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུས“ཐཱན་གཉིས”ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ཀྱི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ”དེ་སང་ལོའི་དཔལ་འབྱོར་བྱ་བའི་གཙོ་གནད་ལས་འགན་བརྒྱད་གྲས་ཀྱི་གཅིག་ཡིན་པ་གཏན་འཁེལ་བྱས་པ་དང་། ཕྱོགས་ཡོངས་ཀྱི་ལྗང་མདོག་ཚུལ་སྒྱུར་མགྱོགས་མྱུར་ངང་སྤེལ་བཞིན་པའི་སྒང་རེད། མིག་སྔར།《ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ཆེད་དོན་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས། གློག་ཤུགས་དང་ངར་ལྕགས་སོགས་གཙོ་གནད་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ས་གནས་ཀྱི་ཐཱན་དཔྱད་ཞིབ་དང་ལས་རིགས་ཀྱི་ཐཱན་སྡོམ་འཛིན། ཁེ་ལས་ཀྱི་ཐཱན་དོ་དམ། རྣམ་གྲངས་ཀྱི་ཐཱན་གདེང་འཇོག  ཐོན་རྫས་ཀྱི་ཐཱན་ཞབས་རྗེས་སོགས“ཐཱན་གཉིས”ལམ་ལུགས་མ་ལག“ཀ་བཞི་གདུང་བརྒྱད”ཀྱང་མགྱོགས་མྱུར་སྐྲུན་བཞིན་ཡོད།

དེ་རིང་གི་ཀྲུང་གོར་ལྗང་མདོག་ཚུལ་སྒྱུར་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་འགྱུར་བཞིན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དྭངས་གཙང་གི་སྒུལ་ནུས་ཆེན་པོ་རྒྱུན་མཐུད་ངང་བཏོན་ནས། མ་འོངས་པའི་ཀྲུང་གོར་སྐྱེ་ཁམས་ཀྱི་རང་མདངས་ཟབ་མོ་ལྡན་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱང་རྒྱས་སུ་འཇུག་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།