“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་མང་ཚོགས་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ་། དེ་བཞིན་ལུས་རྩལ་ཐོན་ལས་བཅས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། ས་མཐོའི་ལུས་རྩལ་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་། མཚོ་སྔོན་གྱི་ལུས་རྩལ་པས་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཁྲོད་རིམ་རྩིས་བྱས་ན་ཨང་དང་པོ་174བླངས་ཡོད་པ་རེད།
སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་མུ་མཐུད་དུ་མཐོ་རུ་སོང་བ། མཚོ་སྔོན་ཞིང་ཆེན་གྱིས་《མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག་》ཁྱབ་བསྒྲགས་བྱས་པ་དང་། རིམ་རྩིས་བྱས་ན་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་5.34བརྩོན་ལེན་བྱས་ཏེ། ལུས་རྩལ་སྤྱི་གླིང་17དང་། དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་8 ཚད་ལྡན་གྱི་མཆོང་རྒྱུག་འཕེན་གསུམ་ལྡན་རྐང་རྩེད་སྤོ་ལོའི་ཐང་3 གཟེབ་རྣམ་གྱི་རྐང་རྩེད་སྤོ་ལོའི་ཐང་75 ཕྱི་རོལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་5 ལུས་སྦྱོང་གི་རྐང་ལམ་སྤྱི་ལེ་85བཅས་བསྐྲུན་ཡོད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་2.96ཟིན་པ་དང་། དེ་“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་”དུས་མཇུག་དང་བསྡུར་ན་སྨི་ངོས་གྲུ་0.39མང་དུ་ཕྱིན་ཡོད། རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ་37.9ཟིན་ཞིང་། དེ་“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་”དུས་མཇུག་དང་བསྡུར་ན་བརྒྱ་ཆའི་གནས་2.8འཕར་ཡོད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ལོ་རེར་ཆ་སྙོམས་སུ་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་ཐེངས་500ལྷག་ཙམ་སྤེལ་བ་དང་། བྱེད་སྟངས་དང་ཉམས་མྱོང་ལ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཁས་ལེན་ཐོབ་པ་མ་ཟད་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད།
ལུས་རྩལ་སློབ་གསོའི་མཉམ་འདྲེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། ལས་ཞོར་ལུས་རྩལ་སློབ་གྲྭ་གསར་པ་10བཙུགས་པ་དང་། ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྱི་ཁྱད་ལྡན་ལུས་རྩལ་སློབ་གྲྭ་57མིང་བཏགས་པ། རྣམ་པ་གསར་པའི་རྐང་རྩེད་སྤོ་ལོའི་སློབ་གྲྭ་33 འཁྱགས་ལྟིར་རྣམ་གྲངས་ཁྱབ་གདལ་སློབ་གྲྭ་44བཀོད་སྒྲིག་བྱས་པ། སློབ་གྲྭ་16གི་སྲོལ་རྒྱུན་གྱི་མདའ་རྩལ་དེ་སློབ་གྲྭའི་ཁྱད་ལྡན་བྱེད་སྒོའི་ནང་བཅུག་པ། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རྗེས་གྲབས་ཤེས་ལྡན་མི་སྣའི་རྟེན་གཞི་2དང་རྒྱལ་ཁབ་ཀྱི་ལུས་རྩལ་རྗེས་གྲབས་ཤེས་ལྡན་མི་སྣའི་རྟེན་གཞི་24ཡོད་པས། གཞོན་ནུ་ལོ་ཆུང་ལུས་རྩལ་པ་ཐོ་འགོད་བྱས་པའི་མི་གྲངས་9993ཟིན་ཡོད།
རྩལ་འགྲན་ལུས་རྩལ་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། མཚོ་སྔོན་གྱི་ལུས་རྩལ་པས་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཐོག་རིམ་རྩིས་བྱས་ན་ཨང་དང་པོ་174དང་། ཨང་གཉིས་པ་176དང་། ཨང་གསུམ་པ་239བཅས་བླངས་ཡོད། ཧེང་ཀྲོའུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་1དང་ཟངས་གྱི་རྟགས་མ་1བླངས་ཤིང་། དེའི་ཐོག་ཆོས་དབྱིངས་སྐྱིད་ཀྱིས་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཐོག་བླངས་པའི་གསེར་གྱི་རྟགས་མ་བསྣན་ན་མཚོ་སྔོན་ཞིང་ཆེན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་ཐོད་བརྒལ་མངོན་འགྱུར་བྱུང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་གསེར་གྱི་རྟགས་མ་1དང་དངུལ་གྱི་རྟགས་མ་3 ཟངས་གྱི་རྟགས་མ་2བཅས་ཐོབ་པ་དང་། རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་ཐེངས་དང་པོར་མངགས་ནས་འགྲན་བསྡུར་ནང་ཞུགས་པ་དང་། ཁྱོན་བསྡོམས་གསེར་གྱི་རྟགས་མ་1དང་དངུལ་གྱི་རྟགས་མ་2 ཟངས་གྱི་རྟགས་མ་1བཅས་ཐོབ་ཡོད།
སྤུས་རྟགས་འགྲན་བསྡུར་གྱིས་དཔེ་སྟོན་སྣེ་ཁྲིད་བྱས་པ། རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་འོག རྨ་ཆུའི་མྱུར་བརྒལ་གྱི་འགྲན་སློང་འགྲན་བསྡུར་དང་། ཀྲུང་གོའི་འཁྱགས་ལྟིར་མཉམ་འབྲེལ་འགྲན་བསྡུར། མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར། མེ་ལྷ་གངས་དཀར་གངས་ཤུད་རི་འཛེག་གདན་ཞུའི་འགྲན་བསྡུར། གཡུ་འབྲུག་ལྷ་རྩེའི་རི་འཛེག་ཚོགས་ཆེན། ཟི་ལིང་གི་ལམ་ཕྱེད་མར་སུང་འགྲན་བསྡུར། དེ་བཞིན་རབ་མཛེས་མཚོ་སྔོན་ས་མཐོའི་མར་སུང་འགྲན་བསྡུར་བཅས་རབ་མཛེས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མིང་བྱང་དུ་གྱུར་ཡོད།
“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བཟོ་ལས་རུ་ཁག་དང་པོའི་འགྲོས་འགྲན་རུ་ཁག་ལ་“རྒྱལ་ཡོངས་བུད་མེད་དཔལ་ཡོན་ལས་གནས་”ཐོབ་པ་དང་། ཆོས་དབྱིངས་སྐྱིད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ཀྲུང་གོའི་བུད་མེད་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མིར་བདམས་པ། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་”དང་“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས།” “སྐབས་བཞི་པའི་མཚོ་སྔོན་མིག་དཔེ་”རུ་བདམས་ཐོན་བྱུང་བ་མ་ཟད། “ཁུ་ནུའི་འཇོན་མི·རྩེར་སོན་གསར་གཏོད་ལས་གཏོད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣའི་”ནང་བདམས་ཐོན་བྱུང་ཡོད། མཚོ་སྔོན་གྱི་མཉམ་སྡེབ་63དང་མི་སྒེར་55ལ་རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་དང་ལུས་རྩལ་མ་ལག་གི་སྔོན་ཐོན་གཟེངས་བསྟོད་ཐོབ་པ། མཉམ་སྡེབ་3དང་མི་སྒེར་4ལ“རྒྱལ་ཡོངས་ཀྱི་ལུས་རྩལ་བྱ་གཞག་ལ་བྱས་རྗེས་འབུར་ཐོན་བཞག་པའི་བྱ་དགའ་”ཐོབ་པ།མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་སྦྱོང་རྟེན་གཞིར་“རྒྱལ་ཡོངས་བཟོ་པའི་གདོང་ལེན་རྟགས་ཅན་”དང་“རྒྱལ་ཡོངས་ཀྱི་གངས་འཁྱགས་ལུས་རྩལ་བྱ་གཞག་ལ་བྱས་རྗེས་འབུར་ཐོན་བཞག་པའི་ཐུན་མོང་བྱ་དགའ་”ཐོབ་པ། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལས་ཞོར་ལུས་རྩལ་སློབ་གྲྭར་“རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རྗེས་གྲབས་ཤེས་ལྡན་མི་སྣའི་རྟེན་གཞི་”ཞེས་པའི་མཚན་སྙན་ཐོབ་ཡོད་པ་རེད།