རང་ཞིང་གི་ལྟ་སྐྱོང་ཞབས་ཞུའི་ཁྱབ་ཁོངས་ཀྱི་རྩལ་ནུས་ཤེས་ལྡན་པ་དཀོན་པའི་དཀའ་གནད་ཐག་གཅོད་དང་རྒན་གསོ་དང་སྨན་བཅོས་སོགས་དམངས་ཚིས་ཞབས་ཞུའི་དགོས་མཁོ་བསྐང་ཆེད། ཟླ12པའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྒྲིག་འཛུགས་བྱས་པའི་མཐོ་སྒང་གི་ནད་པར་ལྟ་སྐྱོང་དང་རྒྱ་བོད་སྐད་གཉིས་ལྟ་སྐྱོང་ཆེད་གཉེར་ལས་རིགས་ནུས་པར་དཔྱད་ཞིབ་བྱ་བ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནད་གཡོག་པའི་དངོས་སྦྱོང་རྟེན་གཞིར་མགོ་ཚུགས། དེ་ནི་ཞིང་ཆེན་ཡོངས་ཀྱིས་ལྟ་སྐྱོང་ལས་གནས་ལ་དམིགས་ནས་ཆེད་གཉེར་ལས་རིགས་ནུས་པར་དཔྱད་ཞིབ་བྱ་བར་བཏོན་པའི་རྣམ་གྲངས་ཐོག་མ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་པའི་གདེང་འཇོག་དེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཞབས་ཞུའི་དགོས་མཁོར་གནད་དུ་ཕྱོགས་པར་སྐུལ་འདེད་གཏང་རྒྱུ་རེད།
ཐེངས་འདིའི་དཔྱད་ཞིབ་དེ“དངོས་སྤྱོད་དང་གནད་ལ་འཁེལ་བ”རྩ་དོན་དུ་བཟུང་སྟེ་ཞབས་ཞུའི་རྣམ་པ་དངོས་ལ་ལད་ཟློས་བྱས་ནས་རྒྱུགས་སྤྲོད་སློབ་མ་རྣམས་ལ་རྒན་རྒོན་གྱི་འཚོ་བར་ལྟ་སྐྱོང་དང་། རྨང་གཞིའི་སྨན་བཅོས་ཀྱི་རམ་འདེགས། གློ་བུར་དུ་བྱུང་བའི་གནས་ཚུལ་ལ་ཁ་གཏད་གཅོག་པ་སོགས་ཀྱི་རྣམ་གྲངས་ལེགས་སྒྲུབ་བྱ་དགོས་པ་དང་། དཔྱད་ཞིབ་འབྲས་བུ་ལས་གནས་ཀྱི་དགོས་མཁོ་དངོས་དང་འཚམ་པར་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན། ལྷག་པར་དུ་སྐད་གཉིས་ལྟ་སྐྱོང་དཔྱད་ཞིབ་ལས་ཕྱོགས་ནས“རྒྱ་བོད་སྐད་གཉིས་ལམ་གཉིས་དཔྱད་ཞིབ”ཀྱི་རྣམ་པ་སྤྱད་པའི་སྐད་གཉིས་ལྟ་སྐྱོང་གི་ཐ་སྙད་དང་ཞབས་ཞུའི་མི་ཆོས་སོགས་ནང་དོན་ཚུད་ཡོད། དཔྱད་ཞིབ་ཚད་ལོངས་པར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《ཆེད་གཉེར་ལས་རིགས་ནུས་པའི་ལག་ཁྱེར》གཅིག་གྱུར་གྱིས་སྤྲོད་རྒྱུ་དང་ལག་ཁྱེར་དེ་ཞིང་ཆེན་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་པའི་ཆ་འཕྲིན་མཛོད་ནང་འཇུག་རྒྱུ་དང་། ལག་ཁྱེར་ཡོད་པའི་མི་སྣས་གཏན་འབེབས་ལྟར་ཞིང་ཆེན་གྱི་རྩལ་ནུས་ཤེས་ལྡན་པའི་གསོ་སྦྱོང་གདེང་འཇོག་ཁ་གསབ་དང་ལས་ཞུགས་ལས་གཏོད་རོགས་སྐྱོར་སོགས་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱོད་ཆོག དུས་མཚུངས་ལྟ་སྐྱོང་ཞབས་ཞུའི་ཤེས་ལྡན་པའི་གསོག་འཇོག་མཛོད་ནང་བཅུག་ནས་ལས་ཞུགས་ལས་གནས་སྔོན་ལ་འོས་སྦྱོར་བྱ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གྲོང་གསེབ་དར་རྒྱས་དང་། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན། ངལ་ལས་སྤུས་རྟགས་འཛུགས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ཏེ་སྔ་རྗེས་སུ་མཚོ་སྔོན་གྱི་འཐེན་ཐུག་དང་། མཚོ་སྔོན་གྱི་འཚེམ་དྲུབ་རིགས། ལག་བཟོའི་བོད་ལུགས་ས་གདན་བསླས་འཐག གངས་རིའི་སྣེ་ཤན་སོགས“མཚོ་སྔོན་སྤུས་རྟགས”ཀྱི་ཆེད་གཉེར་ལས་རིགས་ནུས་པ་དཔྱད་ཞིབ་རྣམ་གྲངས28གསར་སྤེལ་བྱས་ཏེ། ས་གནས་དེའི་ཁྱད་ཆོས་ལྡན་པའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་སྤུས་ཚད་མཐོ་བའི་ལས་ཞུགས་ཐད་ལ་ར་རོགས་རམ་གང་ལེགས་བྱས། ཆེད་གཉེར་ལས་རིགས་ནུས་པའི་དཔྱད་ཞིབ་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་མི6500ལྷག་གིས་ཆེད་གཉེར་ལས་རིགས་རྩལ་ནུས་ཀྱི་ལག་ཁྱེར་ཐོབ་པ་དང་། ལོ་རེར་རོང་འབྲོག་པའི་ལས་ཞུགས་མི་ཁྲི40ལ་སྐུལ་ཁྲིད་བྱས་ཏེ། “མཚོ་སྔོན་འཐེན་ཐུག”གཉེར་མཁན་གསོལ་ཁང་ཁྲི3ལས་བརྒལ་བར་སྐུལ་འདེད་བཏང་བ་དང་། “མཚོ་སྔོན་འཚེམ་དྲུབ”ཐོན་ལས་ཀྱིས་མི་ཁྲི23ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ། “དཔྱད་ཞིབ་ཀྱིས་རྩལ་ནུས་ལ་སྐུལ་འདེད་དང་། རྩལ་ནུས་ཀྱིས་ཐོན་ལས་ཤུགས་ཆེར་གཏོང་བ། ཐོན་ལས་ཁུལ་འཕེལ་རྒྱས་གཏོང་བ་བཅས་ཀྱི་འཁོར་སྐྱོད་བཟང་པོ་ཆགས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལག་རྩལ་ལ“ཚད་འཇལ”ཡོད་པ་མ་ཟད། ཆེད་གཉེར་ལས་རིགས་ནུས་པའི་དཔྱད་ཞིབ་དེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི“གསེར་གྱི་ལྡེ་མིག”དུ་གྱུར་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལ“རྩལ་ནུས་མཐོར་འདེགས་ཀྱི་སྒུལ་བྱེད་འཕྲུལ་འཁོར”བསྐྲུན་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས“མཚོ་སྔོན་ལག་རྩལ”དུ་འགྱུར་བར་སྐུལ་འདེད་བཏང་།
སླད་ཕྱིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཆེད་གཉེར་ལས་རིགས་ནུས་པའི་དཔྱད་ཞིབ་ཁྱབ་ཚད་དང་རྩལ་ནུས་ཤེས་ལྡན་པའི་མཁོ་སྤྲོད་ཞབས་ཞུ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ།“ལུས་ཤུགས་རྣམ་པའི”ངལ་རྩོལ་པ“ལས་སྟོབས་རྣམ་པའི”ངལ་རྩོལ་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏང་རྒྱུ་དང་། ངལ་རྩོལ་པ་སྔར་ལས་མང་པོ་ཡིས་རྩལ་ནུས་མཐོར་འདེགས་བརྒྱུད་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཐུབ་པ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་ལས་ཞུགས་ཐད་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད།