ཟླ12པའི་ཚེས13ཉིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས2026ལོའི་སྨན་བཅོས་འགན་སྲུང་གི་བྱ་བ་གཙོ་བོའི་འཆར་གཞི་ཁྱབ་སྒྲོག་བྱས་ཤིང་། འཆར་གཞིའི་ནང་ལས་བཟོ་པའི་སྨན་བཅོས་འགན་སྲུང་གི་མི་སྒེར་རྩིས་ཁྲའི་མ་དངུལ་དེ་ཞིང་ཆེན་ལས་བརྒལ་ནས་ཐུན་མོང་ཐོག་བེད་སྤྱོད་མངོན་འགྱུར་བྱ་རྒྱུ་མ་ཟད། ད་དུང་ངོ་གདོང་ཞིབ་བཤེར་བྱས་ནས་དངུལ་སྤྲོད་ལ་སོགས་ཀྱི་བྱེད་སྟངས་གསར་པ་ཁྱབ་གདལ་བཏང་བ་བརྒྱུད། ལོ་གསུམ་ཡས་མས་ཀྱི་དུས་ཚོད་ནང་སྨན་ཁང་གིས་གྲལ་བསྒྲིགས་ནས་གྲོན་དངུལ་སྤྲོད་པའི་གནས་ཚུལ་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས་པའི་བླང་བྱ་བཏོན།
འཆར་གཞིའི་ནང་། 2026ལོར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་ཁྱབ་རྒྱ་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། ཚོང་ལས་བདེ་ཐང་འགན་སྲུང་དང་གཞི་རྩའི་སྨན་བཅོས་འགན་སྲུང་སྦྲེལ་མཐུད་ཕན་ཚུན་གསབ་རེས་ལ་རྒྱབ་སྐྱོར་བྱེད་པ། ཚོང་ལས་འགན་སྲུང་གིས་གཞི་རྩའི་སྨན་བཅོས་འགན་སྲུང་དཀར་ཆག་ཕུད་པའི་སྔར་ལས་མང་པོའི་ལུགས་མཐུན་སྨན་བཅོས་འགྲོ་གྲོན་དེ་འགན་སྲུང་ཁྱབ་ཁོངས་ནང་འཇུག་པར་སྐུལ་མ་གཏང་རྒྱུ་མ་ཟད། ད་དུང་ཆ་རྐྱེན་དང་མཐུན་པའི་ཚོང་ལས་འགན་སྲུང་ཐོན་རྫས་ལ“སྨན་བཅོས་འགན་སྲུང+ཚོང་ལས་འགན་སྲུང”ཞེས་པའི་གཅིག་འཐུས་རང་བཞིན་གྱི་དབྱེ་འབྱེད་བསྡོམས་རྩིས་ཞབས་ཞུ་མཁོ་འདོན་བྱ་དགོས་པ་བསྟན་ཡོད།
དེ་དང་ཆབས་ཅིག་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་བདག་གཉེར་དོ་དམ་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ། བུ་བཙའི་སྨན་བཅོས་འགྲོ་གྲོན་ཞིང་ཆེན་ནང་ཁུལ་གྱི་གཅིག་གྱུར་འཆར་འགོད་ཁུལ་ལས་བརྒལ་ཏེ་ཐད་ཀར་བསྡོམས་རྩིས་རྒྱག་པར་མགྱོགས་པོར་སྐུལ་འདེད་བཏང་། 2026ལོར་ལས་བཟོ་པའི་སྨན་བཅོས་འགན་སྲུང་གི་རྩིས་ཐོ་སྒེར་གྱི་མ་དངུལ་ཞིང་ཆེན་ལས་བརྒལ་བའི་མཉམ་རོགས་བེད་སྤྱོད་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ་དང་། ངོ་གདོང་ཞིབ་བཤེར་བྱས་ནས་དངུལ་སྤྲོད་དང་། ཨང་བཤེར་དངུལ་སྤྲོད། སྤོ་སྒུལ་དངུལ་སྤྲོད། ཡིད་རྟོན་དངུལ་སྤྲོད་བཅས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ལག་རྩལ་གྱི་ནུས་པར་བརྟེན་ནས་ཞབས་ཞུའི་ལས་ཆོད་ཇེ་ཆེར་གཏོང་བ་དང་ལོ་གསུམ་ཡས་མས་ཀྱི་དུས་ཚོད་སྤྱད་དེ་སྨན་ཁང་གིས་གྲལ་བསྒྲིགས་ནས་གྲོན་དངུལ་སྤྲོད་པའི་གནས་ཚུལ་ཚད་ཆེ་བའི་སྒོ་ནས་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་འཕུར་སྐྱོད་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ནང་གི་ས་ཁུལ་ཚང་མ་དང་དེ་བཞིན་ཐེབས་རྩ་སྣ་ཚོགས་སྤྱོད་མཁན་བྱེད་པོའི་འཕུར་སྐྱོད་ཞིབ་བཤེར་ཡོངས་སུ་ཁྱབ་པ་བྱ་རྒྱུ་རེད། “ཕྱིར་ལོག་སྨན་རྫས”ཀྱི་ཚོང་ལོག་རྒྱག་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱིས་སྨན་བཅོས་འགན་སྲུང་ཐེབས་རྩ་སྤྱོད་པའི་བྱ་སྤྱོད་ལ་གུ་ཡངས་གཏན་ནས་མི་བྱེད་པ་དང་། དུས་མཚུངས་སུ་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱིས་དགོས་ངེས་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་ནང་གི་སྨན་རྫས་སྡེབ་དགོས་པ་ཅི་ནུས་ཀྱིས་བསྡེབས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་དགོས།
སྨན་རྫས་ཐོན་ལས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཐད་རྒྱལ་ཁབ་སྨན་བཅོས་འགན་སྲུང་གིས་མུ་མཐུད་དུ་རྒྱལ་ཁབ་རྩ་འཛུགས་ཀྱི་སྨན་རྫས་ཁག་གསར་པ་གཅིག་སྡུད་ཉོ་སྒྲུབ་དང་། རིན་ཐང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་བྱས་ནས་ཀྲུང་ལུགས་སྨན་རྫས་དང་ཀྲུང་སྨན་སྨན་ལེབ་རྒྱལ་ཡོངས་མནའ་འབྲེལ་གྱིས་ཉོ་སྒྲུབ་བྱེད་པར་སྐུལ་འདེད་གཏང་རྒྱུ་རེད། 2026ལོར་རྒྱལ་ཁབ་ཀྱིས་བསྡུ་རུབ་ཁྲོད་འདེམས་པའི་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་ཐད་ཀར་བསྡོམས་རྩིས་གཞི་རྩའི་ཐོག་མངོན་འགྱུར་བྱ་རྒྱུ་མ་ཟད། ད་དུང་ཧུར་ཐག་དང་བརྟན་པོའི་ངང་ཐོན་རྫས་གཞན་དག་ཏུ་རྒྱ་སྐྱེད་དེ་ཁེ་ལས་ཀྱི་དངུལ་ལེན་པའི་ལས་ཆོད་ཇེ་ཆེར་གཏོང་དགོས། སྨན་རྫས་ཀྱི་རིན་གོང་ཐོ་འགོད་མ་ལག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་རང་རྒྱལ་གྱི་སྨན་རྫས་ཐོན་ལས“ཕྱིར་སྐྱོད”བྱ་བར་རོགས་རམ་བྱ་དགོས།
2026ལོར་སྨན་བཅོས་འགན་སྲུང་མཇལ་སྤྲོད་དང་བསྡོམས་རྩིས་ལམ་སྲོལ་ཇེ་ལེགས་སུ་བཏང་སྟེ་སྨན་བཅོས་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ནད་རིགས་ལྟར་གྲོན་དངུལ་སྤྲོད་པར་ཚན་ཆུང་བགོས་པའི་པར་གཞི3.0ཅན་གྱི་ཇུས་གཞི་ཁྱབ་སྒྲོག་བྱས། ཁྱོན་ཡོངས་ནས་དུས་ཚིགས་ལྟར་ཡང་ན་ཟླ་ལྟར་དམིགས་བསལ་གྱི་དཔེ་གཞིར་གྲོས་ཞིབ་བྱ་བ་ཁྱབ་སྤེལ་བཏང་སྟེ། སྨན་རྫས་གསར་པ་དང་ལག་རྩལ་གསར་པ་དག་ནད་ཐོག་སྨན་བཅོས་དང་ནད་གཞི་ལྕི་བའི་སྨན་བཅོས་ཐད་སྤྱོད་པར་རྒྱབ་སྐྱོར་བྱ་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྐྱོན་བྲལ་ངང་འཕེལ་བར་རྒྱབ་སྐྱོར་ཐོག་རིམ་པ་དབྱེ་ནས་སྨན་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་འགན་སྲུང་ཐེབས་རྩ་ཚབ་སྤྲོད་བྱེད་ཤུགས་ཇེ་ཆེར་དང་། སྨན་བཅོས་འགན་སྲུང་ཐེབས་རྩ་དུས་ཐོག་ཏུ་བསྡོམས་རྩིས་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཅས་བཏང་ནས་དུས་ཚིགས་ལྟར་བསྡོམས་རྩིས་འཚོལ་ཞིབ་བྱ་དགོས། རྣམ་གྲངས་འཛུགས་པའི་ཕྱོགས་སྟོན་ཁག40བཟོ་འགོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ནས་སྨན་བཅོས་ཞབས་ཞུའི་རིན་གོང་རྒྱལ་ཡོངས་གཞི་རྩའི་ཐོག་གཅིག་གྱུར་ཡོང་བར་བྱ་དགོས།
གཞན་ཡང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་སྨན་བཅོས་འགན་སྲུང་ལས་དོན་གྱི་འཕེལ་རིམ་ཁྱབ་སྒྲོག་བྱས་པ་ནི། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། ཡུན་རིང་ནད་གཡོག་འགན་སྲུང་ལམ་ལུགས་དེ་འགན་སྲུང་ནང་ཞུགས་མཁན་དུང་ཕྱུར3ཙམ་ལ་ཁྱབ་ཡོད་པ་དང་། རིམ་རྩིས་བྱས་ནས་ནུས་ཤོར་མི་ཚོགས་ཁྲི330ལྷག་ལ་ཕན་པ་ཐོབ། ཞིང་ཆེན་ལས་བརྒལ་བའི་ས་གནས་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་བསྡོམས་རྩིས་མི་ཐེངས་དུང་ཕྱུར6ལས་བརྒལ་བ་དང་། སྤྱི་དམངས་ཀྱིས་ཚབ་སྤྲོད་བྱས་ཚད་སྒོར་དུང་ཕྱུར6600ཇེ་ཉུང་དུ་ཕྱིན། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བརྒྱུད་སྨན་བཅོས་འགན་སྲུང་གི་མ་དངུལ་བསྡོམས་རྩིས་ལྟར་སྒོར་དུང་ཕྱུར1200ཙམ་བདའ་འདེད་བྱས་ནས་ཐེབས་རྩའི་བདེ་འཇགས་ལ་མུ་མཐུད་དུ་སྲུང་སྐྱོང་བྱས་ཡོད།