[“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས།]“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ་ཅང་སུའུ་དང་མཚོ་སྔོན་ཤར་ནུབ་རྒྱུད་ཀྱིས་མཉམ་ལས་ལ་བརྟེན་ནས་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་སྒོར་དུང་ཕྱུར20ལས་བརྒལ་བར་རོགས་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ་ཅང་སུའུ་དང་མཚོ་སྔོན་ཤར་ནུབ་རྒྱུད་ཀྱིས་མཉམ་ལས་ལ་བརྟེན་ནས་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་སྒོར་དུང་ཕྱུར20ལས་བརྒལ་བར་རོགས་བྱས། དེ་ནི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་ལས་ལྡབ་ལྔ་འཕར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ་ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་བྱ་བའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་དེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་དུ་སྤེལ་བར་སྒུལ་ཤུགས་ཆེན་པོ་བསྣན། ཅང་སུའུ་ཡིས་མཚོ་སྔོན་གྱི་གྲོང་གསེབ་གྱི་ངལ་རྩོལ་པ་མི་ཁྲི2ལས་ཀར་ཞུགས་པར་རོགས་རམ་བྱས་པ་དང་། དེ་ནི“ལོ་ལྔའི་འཆར་འགོདི་བཅུ་གསུམ་པའི”དུས་སྐབས་ཀྱི་ལྡབ1.5རེད། ཞིང་ཕྱུགས་ཐོན་རྫས་སྒོར་དུང་ཕྱུར20.1ཕྱིར་ཚོང་བྱེད་རོགས་བྱས་པ་དང་། དེ་ནི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་དང་བསྡུར་ན་ལྡབ5འཕར། ཅང་སུའུ་དང་མཚོ་སྔོན་གྱི་མཉམ་ལས་ཁྱབ་ཁོངས་དེ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར2དང་རྫོང9ནས་རིམ་བཞིན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་བྱེད་ས་རྫོང15བར་བསྐྱེད།

ལོ་ལྔའི་རིང་ལ། མཚོ་སྔོན་གྱིས་མ་སྐུལ་རང་རྟོགས་ཀྱིས་ཅང་སུའུ་ཕྱོགས་ལ་འབྲེལ་བ་དམ་པོ་བྱས་ཏེ། ཅང་སུའུ་ཡི་མ་དངུལ་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་དང་།  མཉམ་ལས་བྱ་བའི་ལས་འགན་དོན་འཁྱོལ་བྱེད་པར་མཉམ་སྡེབ་སྐུལ་འདེད་བཅས་བཏང་།  ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ2020ལོའི་སྒོར་ཁྲི1.22ནས2024ལོའི་སྒོར་ཁྲི1.67བར་འཕར་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ཟོག་སྒྱུར་ཚད2020ལོའི58%ནས64%བར་འཕར་བར་རོགས་རམ་བྱསཏེ། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དེའི་ནང་ཁྱད་ཆོས་ལྡན་པའི་ཐོན་ལས་མཐོར་འདེགས་གཏོང་བའི་བྱ་སྤྱོད་དང་ཐོན་ལས་ཁྱུ་ཚོགས་གཏོད་པའི་བྱ་སྤྱོད་སྤེལ་བ་བརྒྱུད་ཐོན་ལས་རྐྱང་རྐྱང་གི་མཉམ་ལས་ནས་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་མཉམ་ལས་སུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། སྲོལ་རྒྱུན་གྱི་ཞིང་ཕྱུགས་ཐོན་ལས་ཙམ་ནས་རིམ་གྱིས་ནུས་ཁུངས་གསར་པ་དང་། ལྗང་མདོག་རྩིས་ནུས། སྐྱེ་ཁམས་ཡུལ་སྐོར་ལ་སོགས་སྣ་མང་ཐོན་ལས་རྒྱ་སྐྱེད་དེ། ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཐོན་ལས་ཁྱུ་ཚོགས་ཁག་ཅིག་གསོ་སྐྱོང་བྱས། ཐུན་མོང་འཛུགས་སྐྲུན་གྱི་ཐོན་ལས་གླིང་ཁུལ19ནི་ཐོན་ལས་འདུས་པའི“སྟོབས་ཆེན་ར་བ”ཡི་གྱུར། ཅང་སུའུ་ཡི་ཁེ་ལས118སྔ་རྗེས་སུ་མཚོ་སྔོན་དུ་གཞི་ཚུགས་ཏེ། མི6000ལྷག་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ལྷག་འཕར། ཧོང་ཀྲུང་ཤིས་པའོ(西堡)བཞོན་མ་དང་། ཡུས་ལའི(玉拉)འབྲི་ཏ། ཐུན་རིན་གྱི་བྱ་མོ། ཡུལ་ཤུལ་ཀྱི་འབྲོང་གཡག་སོགས་ཐོན་ལས་རྣམ་གྲངས་དེ“འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི”མཉམ་ལས་དཔེ་མཚོན་ཞིག་ཏུ་གྱུར་ནས་མཚོ་སྔོན་གྱི་གྲོང་གསེབ་ཐོན་ལས་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།

སློབ་གསོ་དང་སྨན་བཅོས་སོགས་སྤྱི་གཞུང་ཞབས་ཞུ་ཆུ་ཚད་མཐོ་པོའི་སྒོ་ནས་ཇེ་མཐོར་ཕྱིན་པ་དང་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་གཉིས་ཀྱིས་སློབ་མ་བསྡུས་ཤིང་། ཆེད་ལས་ཚན་ཁག་གཙོ་བོ་ཁག་ཅིག་བསྐྲུན་ནས་སྤྱོད་མགོ་ཚུགས། རྒྱང་རིང་སྨན་བཅོས་དང་ས་གནས་གཞན་དུ་སློབ་གཉེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མཚོ་སྔོན་མང་ཚོགས་ཀྱིས་ཅང་སུའུ་ཡི་སྤུས་ལེགས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱུང་། ལྷན་སྐྱེས་སྙིང་ནད་དང་། སྐྱ་གྲིབ། ནུ་མའི་གཤེར་རྨེན་བཅས་ཀྱི་སྨན་བཅོས་ཚགས་བཤེར་དང་སྐྱོབ་བཅོས་བྱ་སྤྱོད་སྤེལ་ནས་རིམ་བཞིན་ནད་པ2500ལྷག་ལ་རོགས་རམ་བྱས་ནས་དཀའ་ངལ་ལས་ཐར་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་པ་ཁྲི2བརྟན་པོའི་ངང་ལས་ཞུགས་ཐུབ་པས། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་ཕྱིན་པ་དང་། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་མངོན་གསལ་དོད་པོས་ཇེ་ཆེར་ཕྱིན།

དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ནས་རིག་གནས་དང་ཡུལ་སྐོར་སྤེལ་རེས་དང་། ཕྱོགས་གཉིས་ཞིབ་འཇུག སྤྱི་ཕན་རྣམ་གྲངས་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཅང་སུའུ་དང་མཚོ་སྔོན་བར་སྐུལ་འདེད་བཏང་། “ཅང་སུའུ་དང་མཚོ་སྔོན་ཁྱིམ་ཚང་གཅིག་བཞིན་ཉེ”ཞེས་པའི་འདུ་ཤེས་མི་སེམས་ལ་འཇགས། ཅང་སུའུ་ཡི་ཡུལ་སྐོར་བ་ཁྲི300མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་བས་ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་སྐུ་མགྲོན་གྱི10.4%ཟིན་པས། རིག་གནས་དང་ཡུལ་སྐོར་ཕན་ཚུན་སྤེལ་རེས་དེ་ཕན་ཚུན་བར་གྱི་མཛའ་མཐུན་གྱི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད། སློབ་གྲྭ་ཆུང་འབྲིང་གི་སློབ་མ2000ཙམ་གྱིས་ཕྱོགས་གཉིས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་ལག་ལེན་ཁྲོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཟོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་གསོན་ཉམས་ལྡན་པའི་སྒུལ་ཤུགས་བསྣན་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།