ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མཚོ་དྲུག་ཡུལ་ཚོ་སྔོ་སྐྱབས་སྡེ་བའི་བོང་བུ་གསོ་སྤེལ་མཉམ་ལས་ཁང་དུ། སྤུ་ཁ་ཡག་པའི་བོང་བུ་དག་གིས་བག་ཕེབས་ངང་གཟན་རྩྭ་ཟ་ལ་རོལ་བཞིན་ཡོད།
“ད་སྔར། བོང་ནག་གསོ་སྤེལ་ཁང་དུ་བོང་བུ300ལྷག་ཙམ་ཡོད་ཅིང་། གཟན་ཆས་ཚང་མ་ཡུག་པོ་དང་།སྲན་མ། ཕུབ་མ་བཅས་ཡིན། ཉེ་དུས་ཀན་སུའུ་རུ་བོང་བུ་ཁག་གཅིག་བཙོངས་ཟིན”ཅེས་བོང་གསོ་འགན་ཁུར་པ་དབང་ཆེན་ཚེ་བརྟན་གྱིས་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་ལ་བཤད།
“ཤ་ཤེད་ཇི་ལྟར་ལེགས་ན་བོང་བུའི་སྤུས་ཚད་དང་བཤའ་ཟོག་གི་ཚད་དེ་ཙམ་གྱིས་འགན་ལེན་ཐུབ་པ་དང་། ཕྱིར་འཚོང་གི་དངུལ་ཇི་ཙམ་མང་ན་སྡེ་བའི་ཐུན་མོང་གི་དཔལ་འབྱོར་དེ་ལྟར་འཕེལ། ཁེ་སྤོགས་ཇི་ལྟར་མང་ན་མང་ཚོགས་ཀྱི་ཡོང་འབབ་འཕར་བར་དེ་བས་གདེང་ཚོད་ཆེན་པོ་ཡོད”ཅེས་བཤད་ཞོར་དུ་བསོད་ནམས་ཚེ་རིང་གིས་ གཞི་ཁྱོན་ཅུང་ཙམ་ལྡན་པའི་གསོ་སྤེལ་ར་བར་ལྟ་ཞོར། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོགས་མྱུར་སྒོས་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསལ་པོར་བཏོན་ཡོད། གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཐོན་ལས་དར་རྒྱས་གཏོང་དགོས་པ་དེས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། སྲིད་ཇུས་ཀྱི་རྗེས་སུ་འབྲངས་ནས་ཁྱད་ལྡན་ལས་དོན་ལ་དམིགས་ཏེ་བོང་ནག་གསོ་སྤེལ་གྱི་ལམ་བུ་འདི་་འགྲིག་ཡོད་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གཅན་ཚ་རྫོང་མཚོ་དྲུག་ཡུལ་ཚོས“སྡེ་བ་རེར་སྤུས་རྟགས་རེ་ཡོད་པའི”འཕེལ་རྒྱས་འཐབ་ཇུས་མཐའ་འཁྱོངས་བྱས། སྡེ་བ་ཁག་གི་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཐོན་ལས་བཀོད་སྒྲིག་ལ་ཇུས་འགོད་བྱས། སྔོ་སྐྱབས་སྡེ་བས་བོང་བུ་གསོ་སྤེལ་གྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ་དང་། མཚོ་རྒན་ཁུག་སྡེ་བར“གཅན་ཚའི་ར་མ”གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་ཚད་ལྡན་ཅན་གྱི་གསོ་སྤེལ་ལྟེ་གནས་བསྐྲུན། པར་མ་ཟད། གཡང་སྡེ་ཕྱུག་མོ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་སྐྱེད་སྲིང་བྱས་པ་དང་། དེ་མིན་ད་དུང་ལོ་བ་སྡེ་བར་ནོར་ནག་གསོ་སྤེལ་གཙོས་ཀུན་ཕན་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཡུལ་ཚོ་ཡོངས་སུ་འདེབས་གསོ་མཉམ་སྤེལ་དང་སྣ་མང་གི་ཐོན་ལས་མ་ལག་བཙུགས། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་བཏང་བ་བརྒྱུད་གྲོང་གསེབ་ཀྱི་དཔལ་འབྱོར་སྤུས་ཚད་ཀྱི་ཕན་འབྲས་ཆེར་བསྐྱེད་དང་སྡེ་མིའི་ཡོང་འབབ་བརྟན་པོར་འཕར་ཐུབ་པར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་ཆེད་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།
བསོད་ནམས་ཚེ་རིང་གིས“བོང་ནག་གསོ་སྤེལ་གཏན་འབེབས་མ་བྱས་གོང་། ང་ཚོས་གྲ་སྒྲིག་བྱ་བ་མང་པོ་བསྒྲུབས་ཏེ། ཧྲན་ཏུང་ཏེ་ཀྲོའུ(德州)དང་ཀན་སུའུ་པའེ་དབྱིང(白银)སོགས་སུ་རྟོག་ཞིབ་དང་སློབ་སྦྱོང་དུ་བསྐྱོད་དེ། སློབ་སྦྱོང་གི་གྲུབ་འབྲས་དེ་གསོ་སྤེལ་ཁྲོད་གང་ལེགས་ཀྱིས་བེད་སྤྱོད་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད”ཅེས་བཤད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་རིང་མཉམ་ལས་ཁང་གིས་བོང་བུ་གསོ་སྤེལ་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས“རྨང་གཞི་ལེགས་འདིང་དང་།གཞི་རྒྱ་ཆེར་བསྐྱེད།སྤུས་ཚད་མཐོར་འདེགས”བཅས་དུས་མཚམས་གསུམ་ལ་བརྟན་པོའི་ངང་མདུན་དུ་སྐྱོད་དེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་བོང་བུ་གསོ་སྤེལ་ཕྱོགས་སུ་འཕེལ་རྒྱས་བཏང་།
2022ལོར་སྔོ་སྐྱབས་སྡེ་བས་གྲོང་གསེབ་དར་རྒྱས་འབྲེལ་མཐུད་མ་དངུལ་ཁག་དང་པོ་ལས་སྒོར་ཁྲི372བརྩོན་ལེན་བྱས་ཏེ། ས་ཆ་སྤྱི་ཆིང1.07ཟིན་པའི་བོང་བུ་གསོ་སྤེལ་རྟེན་གཞི་བསྐྲུན་པ་མ་ཟད།ད་དུང་བོང་བུའི་དྲོང་ཁང་དང་།གཟན་ཆས་གསོག་འཇོག་ཁང་།ལོགས་འཇུག་ཁང་སོགས་སྒྲིག་ཆས་བསྐྲུན་ནས་རྗེས་མའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ཁང་བསྐྲུན་པར་རྨང་གཞི་བརྟན་པོ་བཏང་།2023ལོ་ནས2024ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་སྐྱོར་བྱས་ནས་སྡེ་བ་རྒྱ་བསྐྱེད་པའི་ཐུན་མོང་དཔལ་འབྱོར་མ་དངུལ་སྒོར་ཁྲི50དང་། སྡེ་བའི་ཐུན་མོང་དཔལ་འབྱོར་མ་དངུལ་སྒོར་ཁྲི55བཅས་བཏང་སྟེ། ཀན་སུའུ་པའེ་དབྱིན་དང་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་རྫོང་ནས་རྒྱུད་བཟང་བོང་བུ85མངག་ཉོ་བྱས། ད་ལོར་ཡང་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་མ་དངུལ་སྒོར་ཁྲི500སྤྱད་དེ་བོང་བུ118ཉོས་པ་དང་།སྡེ་བས་སྒོར་ཁྲི180བཏང་སྟེ་བོང་བུ90ཉོས། དེ་མིན་སྤྱི་ཆིང་15.333ཡི་རྨོ་ཞིང་སྤྱད་དེ་སྲན་མ་སོགས་གཟན་རྩྭ་བཏབས་ཏེ། གསོ་སྤེལ་རང་སྤྱོད་དང་ཐག་ཉེར་མཁོ་སྤྲོད་བྱེད་པའི་གཟན་རྩྭ་འགན་ལེན་གྱི་མ་ལག་བསྐྲུན། དེ་ལྟར་ཏེ་ཀྲོའུ་བོང་ནག་སྡེ་བའི་ནང་བརྟན་པོའི་ངང་རྩ་བ་ཚུགས་ཡོད་པ་རེད།
“ང་ཚོའི་འདི་གའི་གནམ་གཤིས་དང་གཟན་རྩྭ་་བོང་ནག་གསོ་སྤེལ་བྱེད་པར་ཧ་ཅང་འཚམ་ཞིང་། བོང་བུའི་ཁྲོམ་རའི་རིན་གོང་ཡང་བརྟན་པོའི་ངང་འཕར་བཞིན་ཡོད་པས་སྡེ་བའི་སྲོལ་རྒྱུན་ནོར་ལུག་གསོ་སྤེལ་དང་བསྡུར་ན་དེ་བས་ཁྱད་ཆོས་ལྡན་ལ་འགྲན་རྩོད་ཡང་དེ་འདྲ་བྱེད་མི་དགོས”ཞེས་བསོད་ནམས་ཚེ་རིང་གིས་བཤད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།དེའི་ཐད་བསོད་ནམས་ཚེ་རིང་གིས“2024ལོའི་ཟླ7པར་ཐོན་ལས་ལ་ཁེ་སྤོགས་ཐེངས་དང་པོ་ཐོབ་ཅིང་། དེ་ལས་ཁེ་སྤོགས་སྒོར་ཁྲི16དུད་ཚང209ཡི་མང་ཚོགས984ལ་སྤྲད། ཚང་མས་ཁེ་སྤོགས་བགོ་བཤའ་རྒྱག་སྐབས་ཀྱི་འཛུམ་མདངས་མཐོང་སྐབས་སྡེ་མི་ཚོ་ཐོན་ལས་འཕེལ་རྒྱས་ནང་ཞུགས་པའི་ཧུར་སེམས་འཕྲལ་མར་སྐུལ་སློང་བྱེད་ཐུབ་པ་བྱུང”ཞེས་བཤད།
བསོད་ནམས་ཚེ་རིང་གིས་འདི་སྐད། བོང་བུ་གསོ་སྤེལ་བྱེད་པ་ནི་དཔལ་འབྱོར་རྣམ་གྲངས་ཁོ་ན་ཙམ་མིན་པར་སྡེ་བའི་སེམས་པ་གཅིག་ཏུ་སྒྲིལ་བ་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་ལྟ་བུ་རེད། གསོ་སྤེལ་བྱེད་རིང་སྡེ་བས་ངལ་རྩོལ་ནུས་ཤུགས་ལྡན་པའི་སྡེ་མི་སྔོན་ལ་གཟན་ཆས་སྟེར་བ་དང་། རིམས་འགོག དོ་དམ་སྲུང་སྐྱོང་སོགས་ལས་གནས་སུ་བཀོད་སྒྲིག་བྱས་ཏེ་ཚང་མར་རང་ཉིད་ཀྱི་ལག་པར་བརྟེན་ནས་ཡོང་འབབ་འཕར་བར་བྱས་ཡོད།ལོ་མཇུག་ཏུ་སྡེ་མིས་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་ཐུབ་པས་སྡེ་བའི་ཐུན་མོང་འདུ་ཤེས་ཇེ་ཆེར་འགྲོ་བཞིན་ཡོད་ཟེར།
ལྷག་པར། བོང་བུ་གསོ་སྤེལ་ཐོན་ལས་རིམ་བཞིན་རྒྱུན་གཏན་གྱི་ལམ་བུའི་ཐོག་བསྐྱོད་པ་དང་བསྟུན་ནས། སྡེ་བའི་ཐུན་མོང་གི་ཡོང་འབབ་ཀྱི་ཡོང་ཁུངས་བརྟན་པོ་ཡོད་པས་དེ་སྔ་ལྟར་ལག་ཏུ་དངུལ་མེད་པའམ་ལས་དོན་སྒྲུབ་དཀའ་བའི་གནས་ཚུལ་དེ་འདྲ་མེད། མ་དངུལ་དེ་དག་ཁག་ཅིག་སྡེ་བའི་ལམ་དང་འཐུང་ཆུའི་སྦུག་ལམ་སྒྱུར་བཀོད།རིག་གནས་ཐང་ཆེན་འཛུགས་སྐྲུན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཏང་བ་དང་། ཁག་ཅིག་ནི་དྭ་ཕྲུག་དང་རྒན་རྒོན་ལ་འཚམས་འདྲི་དང་རིག་གནས་བྱེད་སྒོ་རྩ་འཛུགས་ཐད་བཏང་ནས་ཚང་མའི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་།“ང་ཚོའི‘ཐོན་ལས་དར་རྒྱས་དང་།སྡེ་མི་ཕྱུག་པོ།ཞིང་གྲོང་མཛེས་པའི’གྲོང་གསེབ་དར་རྒྱས་ཀྱི་དམིགས་ཚད་དེ་རིམ་བཞིན་མངོན་འགྱུར་ཡོང་བཞིན་ཡོད”ཅེས་བསོད་ནམས་ཚེ་རིང་གིས་བཤད།
“བོང་བུའི་ལུས་སྟེང་ཚང་མ་ནོར་བུ་ཡིན་ཏེ། ལུས་ཀྱི་ཆ་ཤས་ཚང་མར་ བཀོལ་སྤྱོད་གྱི་རིན་ཐང་ལྡན་པས།བོང་པགས་ཀྱིས་ཨེ་སྤྱིན(阿胶)་བཟོས་ཆོག །བོང་ཤ་ལ་ཚིལ་ཉུང་ཞིང་སྤྲི་དཀར་མཐོ་བ།མཁྲིས་རྒྱུ་གཤེར་རྩི་དམའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། བོང་སྣུམ་གྱིས་སྐྱི་པགས་རློན་གཤེར་གྱི་ནུས་པ་དང་རྨིག་པ་སྨན་གྱི་གོ་ཆོད་པའིྱི་རིན་ཐང་ལྡན”།“‘ལོ་ལྔའི་འཆར་འགོད་བཅོ་ལྔ་པ’ལ་རྒྱང་ལྟ་བྱེད་སྐབས་ང་ཚོས2025ལོའི་སྤུས་ཚད་མཐོར་འདེགས་དང་ཤོང་ཚད་ཆེ་རུ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་བོང་བུ་གསོ་སྤེལ་མ་ལག་ལེགས་སུ་གཏོང་བ་དང་།‘འདེབས་འཛུགས་དང་།གསོ་སྤེལ།ལས་སྣོན།ཕྱིར་ཚོང་བཅས’ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཐུས་སྒོ་ཚང་དུ་གཏོང་བ།ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོང་ནག་གསོ་སྤེལ་མཚོ་སྔོན་རྨ་ལྷོ་རུ་འཕེལ་རྒྱས་སུ་བཏང་སྟེ་སྡེ་མི་སྔར་ལས་མང་བའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།