ཟླ12པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། 2025ལོར་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚོང་ལས་མཉམ་བསྲེས་དང་དྲིལ་བསྒྲགས་རྫུན་མ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། དྲ་རྒྱའི་ཚུལ་མཐུན་མིན་པའི་འགྲན་རྩོད་བཅོས་སྐྱོང་ཆེད་དོན་བྱ་སྤྱོད་སྤེལ་ནས། “ལྟ་སྐུལ་དོ་དམ་དང་ཞབས་ཞུ། ཐུན་མོང་བཅོས་སྐྱོང”བཅས་སྡེབ་སྒྲིག་བྱས་པ་བརྒྱུད། ལྟ་སྐུལ་དོ་དམ་གྱི་ཕན་ནུས་དང་ཁྲོམ་རའི་གསོན་ཤུགས་གཉིས་མངོན་སུམ་ཆེ་རུ་ཕྱིན་ནས། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིངས།
རང་རེའི་ཞིང་ཆེན་གྱིས་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ལ་བརྟེན་ནས། དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། སྡེ་ཁག་ལས་བརྒལ་བའི་ཁྲིམས་འཛིན་ཐེངས7སྤེལ་བ་དང་གྱོད་གཞི2བརྒྱུད་སྤྲོད་བྱས་པ་དང། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལྟ་སྐུལ་དོ་དམ་མཉམ་འགུལ་ལམ་སྲོལ་བཙུགས་ནས། ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་བསྣན་ཏེ། ས་ཁོངས་ལྟ་སྐུལ་དོ་དམ་གྱི་བཀག་རྒྱ་ནུས་ལྡན་ངང་གཏོར་ཡོད། ནུས་པའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། རྩ་འཛུགས་བྱས་ཏེ་ཁྲིམས་འཛིན་རྐང་འཛིན་ཆེད་དོན་གསོ་སྦྱོང་དང་གསར་དུ་བཟོ་བཅོས་བརྒྱབ་པའི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ བཅའ་ཁྲིམས》འཆད་ཁྲིད་བྱེད་སྒོ་སྤེལ་ནས། “ལམ་ཐིག་གཉིས”ཀྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་མི་སྣ136ལ་ཁྱབ་པར་བྱས་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་དྲ་སྦྲེལ་ཐད་གཏོང་གློག་རྡུལ་ཚོང་དོན་གྱི་སྒྲིག་སྲོལ་དང་མཐུན་པའི་མཛུབ་སྟོན》ཞེས་པ་དངོས་སུ་བཏོན་པ་དང་། ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ནང་དོན་ཆེད་དུ་བཟོས་ཏེ། ལས་སྟེགས་ཀྱི་རང་བདག་འགན་འཁྲི་དང་སྒྲིག་སྲོལ་དང་མཐུན་པའི་མཛུབ་སྟོན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། དྲ་རྒྱའི་འཁོར་སྐྱོད་ཉེན་མཚམས་གཏན་འཁེལ་གསལ་པོ་བྱས།
དུས་མཚུངས་སུ། ཟས་རིགས་དང་མཚོ་སྔོན་གྱི་སྐམས་ཤ་དང་ལུག་ཤ དབྱར་རྩྭ་དགུན་འབུ་སོགས་ཚོང་ལས་མཉམ་བསྲེས་དང་དྲིལ་བསྒྲགས་རྫུན་མ་གཙོ་གནད་དུ་བཟུང་སྟེ། དངོས་ཟོག་ཐད་གཏོང་ཐེངས980ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་ཁྲིམས་འགལ་གྱི་ཁུངས་སྣེ38གྲལ་བཤེར་བྱས་ལ། ཁྲིམས་འགལ་གྱོད་གཞི7ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བཅས་བྱས།