སློབ་དཔོན་དཎྜི་འམ་དབྱུག་པ་ཅན་གྱི《སྙན་ངག་མེ་ལོང》ལས་གཞན་པའི་བསྟན་བཅོས་ཏེ《གཞོན་ནུ་བཅུའི་འཇུག་པ》ཞེས་པ་ཞུས་ཆེན་ལོ་ཙཱ་པ་ཨོ་རྒྱན་ལགས་ཀྱིས་རྒྱ་སམ་དབྱིན་གསུམ་གྱི་པར་གཞི་བསྡུར་པ་ལས་ལེགས་པར་ཕབ་པའི་བོད་འགྱུར་ཐོག་མ་ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།

རང་ཅག་གངས་ཅན་བོད་ཀྱི་ཡུལ་འདིར་གཞོན་ནུ་བཅུའི་འཇུག་པ་ཞེས་པ་འདི་ཆ་ཚང་ནི་འགྱུར་མེད་པས་ད་ལྟའི་བར་དུ་གཞོན་ནུ་བཅུའི་འཇུག་པ་དེ་ཅི་འདྲ་ཞིག་ཡིན་པ་སུ་ལ་ཡང་གསལ་ཆ་མེད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ལེགས་སྦྱར་སྨྲ་བའི་དབང་བོ་སྐུ་ཞབས་ཧོང་པའོ་ཧྲེང་གིས་སྤྱི་ལོ2016ལོར་གཞོན་ནུ་བཅུའི་འཇུག་པ་ལེགས་སྦྱར་མ་ཡིག་གི་སྟེང་ནས་རྒྱ་ཡིག་ཏུ་བསྒྱུར་བ་དང་། 2017ལོར་ཀྲུང་ནུབ་དཔེ་སྐྲུན་ཅུས་ཀྱིས་པར་སྐྲུན་འགྲེམ་སྤེལ་བྱས། ད་ལན་ཁོ་བོས་རྒྱ་འགྱུར་མ་དེ་གཞིར་བཟུང་ཞིང་། དབྱི་ཧྲ་པེ་ལེ་ཨོ་ནིན་སི(Isabelle Onians)ཡིས1971ལོར་དབྱིན་ཡིག་ཏུ་བསྒྱུར་ཞིང་། ཨ་རིའི་ནིའུ་ཡོག་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་ནས1971ལོར་དཔེ་སྐྲུན་བྱས་པའི་གཞོན་ནུ་བཅུའི་འཇུག་པའི་དབྱིན་འགྱུར་དང་ལེགས་སྦྱར་ལ་ཏིང་གཟུགས་འགྱུར་ཤན་སྦྱར་མར་ཟུར་ལྟ་བྱས་ཏེ། གཞུང་འདི་ཆ་ཚང་བོད་ཡིག་ཏུ་བསྒྱུར་བ་ཡིན།
འདིའི་རྩོམ་པ་པོ་སློབ་དཔོན་དབྱུག་པ་ཅན་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀཱཉྩཱི(སྦེད་རྒྱན)ཞེས་པ་འདི་རུ་སྐུ་འཁྲུངས། གནས་དེ་ནི་དེང་དུས་ཀྱི་ཏཱམིལྀནཱཌུ་མངའ་སྡེ(泰米尔纳德邦,Tāmiḻnāḍu)ཞེས་པ་རྒྱ་གར་ལྷོ་མཐའ་རུ་ཆགས་པ་འདི་ཡིན་ཞིང་། འདིའི་ཤར་མཐའ་བྷང་ག་ལ་མཚོ་ཁུག་དང་འབྲེལ་ཞིང་། ལྷོ་མཐའ་ཧིན་རྡུ་རྒྱ་མཚོར་འབྲེལ་ཡོད། ས་འདི་དང་སིང་ག་ལའི་གླིང་གི་བར་དུ་པོ་ཁེ་མཚོ་འགག་གིས་ཆོད་ཡོད། ཁོང་འཁྲུངས་པའི་དུས་ལ་འདོད་ཚུལ་མི་མཐུན་པ་མང་ཡང་ལོ་རག་པ་ནི་སྤྱི་ལོའི་དུས་རབས་བདུན་པའི་སྨད་ཙམ་དུ་ཡིན་པ་མཁས་པ་ཕལ་མོ་ཆེ་ཞལ་མཐུན།
སློབ་དཔོན་འདིའི་མཚན་ལ་དཎྜི་ཞེས་ཐོགས་པའི་རྒྱུ་མཚན་གཞན་ཞིག་ནི། སློབ་དཔོན་འདིས་མཛད་པའི་གཞོན་ནུ་བཅུའི་འཇུག་པའི་དབུའི་མཆོད་བརྗོད་དུ།
བྲཧྨཱཎྜཅྖཏྲདཎྜཿཤཏདྷྲྀཏིབྷབནཱམྦྷོརུཧོནཱལདཎྜཿ
ཀྵོཎཱིནཽཀཱུཔདཎྜཿཀྵརདམརསརིཏྤཊྚིཀཱཀེཏུདཎྜཿ
ཛྱོཏིཤྩཀྲཱཀྵདཎྜསྟྲིབྷུབནབིཇཡསྟམྦྷདཎྜོ྅ངྤྲིདཎྜཿ
ཤྲེཡསྟྲཻབིཀྲམསྟེབིཏརཏུབིབུདྷདྭེཥིཎཱཾཀཱལདཎྜཿ
ཞེས་ཚིགས་བཅད་གཅིག་གི་ནང་དུ་དཎྜའི་སྒྲ་ཐེངས་བརྒྱད་བྱུང་ཞིང་། དེ་རེ་རེས་དོན་མི་འདྲ་བ་རེ་མཚོན་པ་དང་། ཚིག་སྦྱོར་མཛེས་ཤིང་ཀུན་གྱི་ཡིད་དབང་འཕྲོག་པས་ཆེ་བརྗོད་དམ་བསྟོད་བསྔགས་ཀྱི་ཚུལ་དུ་ཁོང་གི་མཚན་ལ་དཎྜི་ཞེས་པའི་མིང་གིས་བོས་ཤིང་ཡོངས་གྲགས་སུ་གྱུར་པ་ཡིན་ནམ་སྙམ།
སྔོན་ཆད་སློབ་དཔོན་དབྱུག་པ་ཅན་ལ་གཞོན་ནུ་བཅུའི་འཇུག་པ་ཞེས་པའི་བསྟན་བཅོས་འདི་འདྲ་ཞིག་ཡོད་པ་གཞུང་གང་དུ་ཡང་མཐོང་དུ་མེད། ཕྱིས་སུ་མཁས་པའི་དབང་པོ་རྗེ་ཚེ་ཏན་ཞབས་དྲུང་མཆོག་གིས་སྙན་ངག་སྤྱི་དོན་དུ་ཐོག་མར་སློབ་དཔོན་དབྱུག་པ་ཅན་ལ་གཞོན་ནུ་བཅུའི་འཇུག་པ་ཞེས་པའི་བསྟན་བཅོས་ཤིག་ཡོད་པའི་སྐོར་བྲིས་ཡོད། དེ་ནི་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས་རོང་བོ་དགོན་པའི་ཨ་ཁུ་བློ་བཟང་དགེ་འདུན་ཞེས་པའི་མཁས་པ་ཞིག་ཡོད་པ་དེར་རྒྱ་གར་ནས་འཕྲིན་ཡིག་ཅིག་བསྐུར་བ་དེའི་ནང་དུ་འདིའི་སྐོར་བྲིས་ཡོད་པ་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་དངོས་སུ་མཐོང་ནས་ངོ་བཤུས་མཛད་དེ་སྙན་ངག་སྤྱི་དོན་དུ་བཀོད་པ་རེད། ངག་སྒྲོས་དེ་ལ་བརྟེན་ནས་སློབ་དཔོན་དབྱུག་པ་ཅན་ལ་སྙན་ངག་མེ་ལོང་ལས་གཞན་ད་དུང་གཞོན་ནུ་བཅུའི་འཇུག་པ་དང་བྲིཙྪ་ཀ་ཊཱིཀྐ་བྱ་བའི་ཟློས་གར་ཞིག་བཅས་བརྩམས་ཆོས་གསུམ་ཡོད་ཚུལ་ཐེངས་དང་པོར་བོད་ལ་ངོ་སྤྲོད་གནང་བ་རེད།

གཞོན་ནུ་བཅུའི་འཇུག་པ་ལ་སྔོན་གྱི་སྡེ་དང་། དངོས་གཞིའི་སྡེ། མཇུག་གི་སྡེ་བཅས་གསུམ་ཡོད་པ་ལས། མཁས་པ་འགའ་ཞིག་གིས་སྔོན་གྱི་སྡེ་དང་མཇུག་གི་སྡེའི་རྩོམ་གཤིས་སམ་རྩོམ་ཉམས་ནི་དངོས་གཞིའི་སྡེ་དང་མི་འདྲ་བས། ད་ལྟ་མཐོང་དུ་ཡོད་པའི་དངོས་གཞིའི་སྡེ་ནི་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པ་དང་། སྔོན་གྱི་སྡེ་དང་མཇུག་གི་སྡེ་ནི་གཞན་གྱིས་ཁ་གསབ་བྱས་པ་རེད་ཅེས་སྨྲ། འདིར་དེ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བྲིས་ན་ཡིག་ཚོགས་ཆེ་བས་ད་ལམ་པར་སྐྲུན་བྱས་པའི་དེབ་རང་དུ་གཟིགས་པར་ཞུ་ཞིང་། ཞར་བྱུང་ཙམ་དུ་གཞུང་འདིའི་ཁ་བྱང་དང་འབྲེལ་བའི་གཞོན་ནུ་བཅུའི་མཚན་ཙམ་རེའུ་མིག་ཏུ་བཀོད་ན་འདི་ལྟར།

གཞུང་འདིའི་ལོ་ཙཱ་པ་ཨོ་རྒྱན།
མ་ཡིག་རྒྱ་ཡིག་ལ་ཟིན་བྲིས་བཏབ་ཚུལ་དང་ཟུར་བལྟ་བྱེད་སའི་སཾ་དབྱིན་ཤན་སྦྱར་གྱི་དཔེའི་པར་རིས།



