——མཚོ་སྔོན་གྱི་རྫོང་ཁོངས་དཔལ་འབྱོར་གོང་སྤེལ་རྟོག་ཞིབ་ལས་པདྨའི་ལེའུ།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྔོན་ཆད་གཡག་ཀོ་གཅིག་ལ་རིན་གོང་སྒོར50ལྷག་ལས་འཚོང་མི་ཐུབ། ཡིན་ན་ཡང་ད་ལྟ་བཟོ་སྣོན་བྱས་ནས་ཨེ་སྤྱིན(牦牛阿胶)གྱི་ཐོབ་ཐང་ཞིག་རག་རྗེས་ལྷད་མེད་ཀྱི་རང་བཞིན་དང་འཚོ་བཅུད་ཕུན་སུམ་ཚོགས་པའི་ཐོན་རྫས་ཤིག་ཏུ་གྱུར་པ་དང་། རིན་ཐང་ཡང་སྔོན་ཆད་ལས་ལྡབ་འགྱུར་གྱིས་འཕར་ཏེ་སྒོར་ཁྲི1གི་ཡན་ལ་བསླེབས།
གཡག་ཀོ་ཞིག་གི་འཕེལ་འགྱུར་ལས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་སྲོལ་རྒྱུན་ཕྱུགས་ལས་དེ་སྐྱེ་ཁམས་བཟོ་སྣོན་དར་རྒྱས་ཀྱི་ཕྱོགས་སུ་བསྒྱུར་བའི་གནད་འགག་གི་གོམ་པ་ཡིན་པ་མཚོན། ཆ་སྙོམས་མཚོ་འཕགས་སྨི3500བརྒལ་བའི་མཐོ་སྒང་གི་མཁར་གྲོང་ཆུང་ཆུང་འདི་སྔོན་ཆད་ས་ཅུང་མཐའ་འཁོབ་ཡིན་པ་དང་ཐོན་ལས་སྣ་ཆིག་རྐྱང་སོགས་རྐྱེན་དུ་མས་འཕེལ་རྒྱས་ཀྱི་གོམ་ཁ་ཧ་ཅང་དལ། ཡིན་ན་ཡང་ལོ་འདི་དག་གི་རིང་ལ་སྐྱེ་ཁམས་ཐོན་ཁུངས་དང་རིག་གནས་ཤུལ་བཞག་སྙིང་བོར་གདོས་པའི་རྫོང་ཁོངས་དཔལ་འབྱོར་བརྗེ་སྒྱུར་རིམ་སྤར་གྱི་འདུ་འགོད་སྤེལ་བས། གཡག་ཀོའི་ཨེ་སྤྱིན་གྱི་ཞིབ་འཇུག་གསར་སྤེལ་ནས་ཁྱད་ལྡན་གསོ་སྤེལ་གྱི་བྱེད་ཐབས་འཚོལ་ཞིབ་བར་དང་། བོད་ཇ་འཐོག་པའི་དུས་ཆེན་གྱི་ཟིང་ཟིང་ནས་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་རྫས་གསར་གཏོད་བར་དུ། པདྨ་རྫོང་གིས་འཁོར་ལོ་བཞིའི་སྒུལ་ཤུགས་ལ་བརྟེན་ནས་སྨར་ཁོག་གཙང་འགྲམ་དུ“འགག་གཏོར”གྱི་ལམ་བུ་གསར་པ་ཞིག་བཏོད།

སྨར་ཁོག་གཙང་འགྲམ་དུ་ཆགས་པའི་པདྨ་རྫོང་སྟེ། གསོན་ཤུགས་ཀྱི་དཔལ་འབར་བའི་མཐོ་སྒང་གི་མཁར་གྲོང་ཞིག།
གཡག་ཀོ་ཞིག་གིས་ཡུལ་གཅིག་གི་ཐོན་ལས་སྒུལ།
པདྨ་རྫོང་ནི་མཚོ་སྔོན་གྱི་ས་ཆ་མང་ཤོས་དང་འདྲ་བར་རི་མཐོ་ཞིང་སྤང་ཐང་རྒྱ་ཆེ་བ་ཡོད། ནོར་ནག་དཔལ་འབྱོར་ནི་ཡུལ་དེའི་གྲོང་གསེབ་དར་སྤེལ་དང་ཐོན་ལས་སྣ་མང་ཅན་དུ་བསྒྱུར་བའི་འདེགས་བྱེད་གལ་ཆེན་ཞིག་ཡིན། དུས་ཡུན་རིང་པོའི་ནང་དུ། བཟོ་སྣོན་གྱི་ལག་རྩལ་ཞན་ལ་ཐོན་ལས་ཀྱི་འབྲེལ་ཐག་ཐུང་བ་ལ་སོགས་ཀྱི་རྒྱུ་རྐྱེན་མང་པོའི་ཚད་བཀག་འོག ནོར་ནག་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ཆེ་ཆེར་འཕར་དཀའ་བར་གྱུར། “ང་ཚོས‘མཐོ་སྒང་གི་ནོར་བུ’སྲུང་ཐུབ་ཡོད་ཀྱང་། རིན་གོང་མཐོན་པོར་འཚོང་ཐུབ་ཀྱིན་མེད་པ”ནི་ནོར་ནག་གསོ་སྤེལ་བྱེད་མཁན་མང་པོ་ཞིག་གི་སེམས་ཀྱི་ན་ཟུག་ཞིག་ཏུ་གྱུར་ཡོད།
ཡང་བསྐྱར་ནོར་ནག་གི་རིན་ཐང་ཆེན་པོ་རྙེད་པ་ནས་བཟུང་ཚོང་ཁ་ཡང་བཟང་ཕྱོགས་སུ་བསྒྱུར། སྲོལ་རྒྱུན་གྱི་ངོས་ཟིན་ཁྲོད་དུ་ནོར་ནག་གི་རིན་ཐང་ནི་གཙོ་བོ་ཤ་དང་། འོ་མ། ཀོ་དང་ཁུ་ལུ་རེད། པདྨ་རྫོང་གིས་ཐོན་ལས་རིམ་སྤར་གྱི་འགག་སྒོ་སྲ་མོ་གཏོར་ས་ནི་ཏག་ཏག་རིན་གོང་དམན་པའི་གཡག་ཀོ་རེད།
“གཡག་ཀོ་ཡིས་ཅིའི་ཕྱིར་ཨེ་སྤྱིན་བཟོ་མི་ཐུབ་པ་ཡིན།”ཞེས་འཆར་སྒོ་ཆེན་པོ་དེ་ལྟ་བུས་གཡག་ཀོ་དེ་ནོར་ནག་ཐོན་ལས་ཀྱི་ཁ་ཕྱོགས་བསྒྱུར་བྱེད་དུ་གྱུར། ཡུལ་དེའི་ཏང་ཨུའི་སྲིད་གཞུང་གིས་རང་འགུལ་གྱིས་ཚན་ཞིབ་ལས་ཁུངས་ལ་འབྲེལ་བ་བྱས་ཏེ། གཡག་ཀོ་མ་བཅོས་རྒྱུ་ཆ་ཡིན་པའི་ཨེ་སྤྱིན་ཐོན་རྫས་ཞིབ་འཇུག་ཐོག་གསར་སྤེལ་བྱས། ཞིབ་བཤེར་ཚད་ལེན་བརྒྱུད། གཡག་ཀོའི་ཨེ་སྤྱིན་གྱི་ནང་དུ་སྤྱིན་གཞི་སྤྲི་དཀར(胶原蛋白)དང་། ཨན་ཅི་སུན(氨基酸)སྣ་མང་སོགས་འཚོ་བཅུད་ཕུན་སུམ་ཚོགས་པ་ཡོད་པས་སྲོལ་རྒྱུན་གྱི་བོང་ཀོ་ལས་བཟོས་པའི་ཨེ་སྤྱིན་དང་གཅིག་འདྲ་རེད། ཚུལ་དེས་གཡག་ཀོ་ལ་ཟུར་སྣོན་གྱི་རིན་ཐང་མཐོན་པོ་ཞིག་རྙེད་མོད། ཆེས་གལ་ཆེན་ཤོས་ནི་མི་རྣམས་ཀྱིས་ནོར་ནག་གི་རིན་ཐང་ལ་བཟུང་བའི་ལྟ་ཚུལ་སྟེ་ནོར་ནག་གི་ལུས་ཡོངས་ནོར་བུ་ཡིན་པར་ངེས་ཤེས་འདྲོངས་པ་དེ་རེད། གཡག་ཀོའི་ཨེ་སྤྱིན་གྱི་ཐོན་རྫས་གསར་སྤེལ་ནི་སྒོ་ཟྭ་འབྱེད་བྱེད་ཀྱི་ལྡེ་མིག་བཞིན་དུ་ནོར་ནག་ཐོན་ལས་ཀྱི་སྒོ་ཆེན་ཡངས་པོར་ཕྱེས།
ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས26པའི་སྟེང་དུ། མདོག་གསུམ(པདྨ)ཡི་ཐོན་ལས་ཚད་ཡོད་འགན་ལེན་ཀུང་སའི་འགན་འཁུར་བ་ཀྲུའུ་ཁུའེ་ཡིས་དཔུང་སྡེའི་སྣེ་ཁྲིད་དེ། ཕྱི་ཐུམ་ཡག་པོ་བརྒྱབ་པའི་གཡག་གི་ཨེ་སྤྱིན་ཐོན་རྫས་སྐུ་མགྲོན་ལ་ངོམ་དུས་ཚང་མས་ངོ་མཚར་བཅས་ཕྱོགས་སུ་འདུས་ཡོང་།
ཚན་རྩལ་གྱི་ནུས་པ་ནི་གནད་འགག་ཡིན། ད་ལོའི་ཟླ9པར། པདྨ་རྫོང་གིས་ཟི་ལིང་གྲོང་ཁྱེར་གྱི་སྔོན་བཀོད་བཟོ་གྲྭ་སྟེ་གཡག་སྤྱིན་བཟོ་སྣོན་བཟོ་གྲྭའི་བཟོ་ཁང་ལེགས་སྒྱུར་དང་སྒྲིག་ཆས་ཉོ་སྒྲུབ་ཀྱི་ལས་གཞི་ཡོངས་བསྒྲགས་ཀྱི་སྒོ་ནས་འོས་འགུགས་བྱས། གཡག་ཀོའི་ཨེ་སྤྱིན་ལས་བཟོས་པའི་ཐོན་རྫས་རིགས་མི་འདྲ་བ་ནས་མགོ་བརྩམས་ཏེ་ཉེར་མཁོའི་ཐོན་རྫས་འཕེལ་རྒྱས་བྱེད་སྟངས་འཐུས་ཚང་དུ་གཏང་བར་དོན་དངོས་རང་བཞིན་གྱི་གོམ་པ་དང་པོ་སྤོས།
ནོར་ནག་ཐོན་ལས་ལེགས་སྒྱུར་གཏིང་ཟབ་ལ་བརྟེན་ནས་འབྲེལ་རྒྱུན་ལྟ་བུའི་ཕན་ནུས་མངོན་གསལ་ཐོན།
གཡག་ཀོའི་ཨེ་སྤྱིན་ཐོན་རྫས་ཚོད་ལྟ་ནི་འཆར་སྒོ་ཡོང་སྟངས་སུ་བྱས་པ་ཞིག་མ་ཡིན་སྟེ། པདྨ་རྫོང་གིས་ལོ་དུ་མའི་རིང་ལ་སྔ་གཞུག་ཏུ་སྐམས་ཤའི་མེ་ཁོག་གི་དྲོ་རྫས་དང་། རུས་པའི་བཟོས་པའི་ཐོན་རྫས། སྐམས་ཤའི་གོང་ཟོས་ལ་སོགས་ཐོན་རྫས་རབ་དང་རིམ་པ་རྨང་གཞི་བྱས་ཤིང་། ནོར་ནག་གི་ཐོན་རྫས་བཟོ་སྣོན་སྤུས་དག་བྱས་པའི་བརྒྱུད་རིམ་ཁྲོད་བསགས་པའི་ཉམས་མྱོང་ལས་ཐོབ་པ་ཞིག་ཡིན་པས། ཐོན་རྫས་ཀྱི་འབྲེལ་ཐག་ཆ་ཚང་བ་ཞིག་ད་ལྟ་རིམ་གྱིས་ཆགས་པའི་སྒང་ཡིན་ལ། དེ་དང་མཉམ་དུ་རྫོང་ཁོངས་དཔལ་འབྱོར་གྱི་རང་བཞིན་མཉེན་པོ་དང་མི་མངོན་ནུས་ཤུགས་ཆེན་པོ་དེ་མངོན་བཞིན་ཡོད།
རྟེན་གཞི་གཅིག་གིས་ཡུལ་ཕྱོགས་ཅིག་གི་དཔལ་འབྱོར་ལ་གསོན་ཤུགས་བསྐྱེད།
ཕྱུགས་ཟོག་གསོ་སྤེལ་ནི་དུས་ད་ལྟའི་བར་དུ་པདྨ་རྫོང་གི་སྲོལ་རྒྱུན་ཐོན་ལས་ཡིན་ཞིང་། སྲོལ་རྒྱུན་ཐོན་ལས་ཀྱི་རྨང་གཞིའི་སྟེང་དུ། ཡུལ་དེས་ས་གནས་རང་གི་སྤུས་ལེགས་ནགས་ལས་ཐོན་ཁུངས་གཞི་བྱས་ཏེ། ནགས་ཀྱི་གླ་བ་དང་། ཤྭ་བ་ལ་སོགས་ཁྱད་ལྡན་གཟོ་སྤེལ་ཐོན་ལས་གོང་སྤེལ་གྱི་ལམ་བུ་གཞན་ཞིག་འཚོལ་ཞིབ་བྱས་ནས་རྫོང་ཁོངས་དཔལ་འབྱོར་གྱི“འཕར་གནས་གསར་པ”ཞིག་ཡར་ལ་བཏེགས།
པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་གླ་བ་གསོ་སྤེལ་རྟེན་གཞི་རུ་རྩ་ཆེ་བའི་ནགས་ཀྱི་གླ་བས་ས་གནས་དེའི་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བཞིན་ཡོད་དེ། དེའི་གླ་རྩི་ནི་སྨན་གྱི་མཆོག་ཏུ་བརྩི་བས་མིང་ལ་ཡང“གསེར་སྙི་མོ”རུ་འབོད། “2022ལོར་ང་ཚོ་སེ་ལེ་ཐང་གྲོང་རྡལ་གྱིས་གླ་བ་གསོ་སྤེལ་རྟེན་གཞི་འདི་དངོས་སུ་མ་དངུལ་བཏང་ནས་བཀོལ་སྤྱོད་བྱས་པ་ཡིན། ད་སྔ་གླ་བ30ཙམ་ཡོད། ཡར་ཐང་ཡུལ་ཚོའི་སྒོ་མང་གྲོང་ཚོའི་གསོ་སྤེལ་རྟེན་གཞི་ཡི་གཞི་ཁྱོན་ཅུང་ཆེ། དེར་གླ་བ100གསོས་ཡོད། གླ་བ་དར་མ་གཅིག་ལས་ལོ་རེར་གླ་རྩི་ཁེ18ཡས་མས་ལེན་ཐུབ་པ་དང་། དེའི་རིན་ཐང་སྒོར་ཁྲི1ལྷག་རེད། ཞེས་གསོ་སྤེལ་རྟེན་གཞི་དེའི་འགན་འཁུར་བ་ཞའེ་ཧྥ་ཁྲེང་གིས་རྩིས་ཤིག་བརྒྱབ་བྱུང་། “གལ་ཏེ་གླ་བ130ཡི་སྟེང་ནས་གླ་རྩི་ལེན་པའི་དབང་དུ་བཏང་ན། ལོ་གཅིག་གི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་དེ་སྒོར་ཁྲི1000ལྷག་རེད་ཟེར།
གླ་རྩི་གསོ་སྤེལ་དེ་པདྨ་རྫོང་དུ་ལེགས་པར་གྲུབ་པ་ནི་གློ་བུར་གྱི་རྐྱེན་ལས་གྲུབ་པ་ཞིག་མ་ཡིན། ས་གནས་དེའི་ནགས་ཚལ་གྱི་ཁེབས་རྒྱ་ཆེ་ལ། གནམ་གཤིས་བསིལ་བས་གླ་བ་འཚོ་སྡོད་ལ་ཧ་ཅང་འཚམ། གླ་བ་གསོ་སྤེལ་དང་འདྲ་བའི་ཐོན་ལས་གཞན་ཞིག་དར་བ་ནི་ཤྭ་སྐྱའི་ཐོན་ལས་རེད། པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་ཧོར་སྐོར་གྲོང་ཚོའི་ཤྭ་གསོ་རྟེན་གཞི་རུ་རི་རྒྱག་བྱས་པའི་ཤྭ་སྐྱ་རྣམས་ཕར་འགྲོ་ཚར་འོང་བྱེད་ཅིང་། ལ་ལས་མགོ་བོ་སྨད་དེ་རྩྭ་ཟ་བ་རེད།
པདྨ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བཀྲ་ཤིས་དོན་འགྲུབ་ཀྱིས་འདི་སྐད། “དྲི་ཞིམ་ཐོན་ལས”“ཤྭ་ཡི་དཔལ་འབྱོར”ནི་པདྨ་རྫོང་གིས་ཐོན་ལས་བཀོད་པ་སྙོམས་སྒྲིག་ཁྲོད་ཀྱི་གོ་རིམ་གལ་ཆེན་ཞིག་ཡིན། ས་བབ་དང་བསྟུན་པའི་གླ་རྩི་དང་། ཤྭ་སྐྱ། བྱ་ཕོ། དེ་ཕོ་ལ་སོགས་ཁྱད་ལྡན་གསོ་སྤེལ་འཚོལ་ཞིབ་ཐོག་གོང་དུ་སྤེལ་ནས་ཁེར་རྒྱུག་ཁེར་རྐྱང་གི་ནོར་ནག་གསོ་སྤེལ་ནས་ཁྱད་ལྡན་གསོ་སྤེལ་གནས་དུ་མར་སྤེལ་བའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་།
ཁྱད་ལྡན་གསོ་སྤེལ་ཡར་ངོས་ཟླ་ལྟར་འཕེལ་ཏེ། བཟོ་སྣོན་ཐོན་རྫས་རབ་དང་རིམ་པ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་བྱུང་། པདྨ་རྫོང་གིས་གླ་རྩི་དང་། ཤྭ་རྭའི་ཁྲག་ར། ཤྭ་ཁྲག ཤྭ་རྭ་ལ་སོགས་ཁྱད་ལྡན་ཐོན་རྫས་གསར་པའི་ཚོང་ལམ་རིམ་བཞིན་ཕྱེས་ཤིང་། ཐོན་ལས་ཀྱི་འབྲེལ་ཐག་ཡོངས་ལ་བརྟེན་པའི་ཁྱད་ལྡན་ཐོན་ལས་གོང་སྤེལ་གྱི་རྣམ་པ་གསར་པ་བཏོད། “རྟེན་གཞི+གྲོང་ཚོ་ཐུན་མོང(མཉམ་ལས་ཁང)+ཞིང་འབྲོག་ཁྱིམ་ཚང”གི་ཁེ་ཕན་མཉམ་སྡེབ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་ནོར་ནག་གི་ཐོན་ལས་མ་ཡིན་པའི་དཔལ་འབྱོར་གྱི་འཕར་གནས་གཞན་ཞིག་ཏུ་གྱུར།
པདྨ་རྫོང་དུ་ཁྱད་ལྡན་འདེབས་འཛུགས་ལ་མཚོན་ན་ཁྱད་ལྡན་གསོ་སྤེལ་དང་ཁྱད་མེད། སྨར་ཁོག་གཙང་འགྲམ་དུ་ཡོད་པའི་པདྨ་རྫོང་མཐོ་སྒང་ཤ་མོ་རིགས་འདེབས་འཛུགས་དཔེ་སྟོན་རྟེན་གཞི་རུ་བཅར་བ་ན། དྲོད་ཁང་མང་པོ་ཞིག་གྲལ་བསྟར་ནས་ཡོད་ཅིང་། ནང་ལོགས་སུ་ཀོ་ཤ་དང་། མུར་ནག(黑木耳)སོགས་ཀྱི་སྐྱེས་འགང་ཧ་ཅང་ལེགས། ད་ཆ་ཤ་མོ་རིགས་འདེབས་འཛུགས་ནས་བྲིན་འཚོང་གི་ཐོན་ལས་སྦྲེལ་ཐག་འཐུས་ཚང་བ་ཞིག་གྲུབ་ནས་ཐོན་ལས་སྣ་མང་ཅན་གྱི་འདེགས་བྱེད་གཞན་ཞིག་ཏུ་གྱུར་འདུག
“ང་ཚོས་ཀོ་ཤ མུར་ནག ཤ་མོ་ལུག་གྲོད་ལ་སོགས་པའི་དཔལ་འབྱོར་གྱི་ལོ་ཏོག་གཙོ་བོར་བཟུང་ནས་འདེབས་པ་ཡིན་ཞིང་། བྱེད་ཐབས་ཡིན་ན‘ནགས་དང་ཤ་མོ་མཉམ་སྐྱེས’”ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྨར་ཁོག་གཙང་བོའི་ནགས་རའི་མཐའ་འཁོར་དུ་རི་སྐྱེས་ཀོ་ཤ་བཏབས་པ་ཡིན། དེས་སྐྱེ་ཁམས་སྲུང་སྐྱོབ་ཐུབ་པར་མ་ཟད་ཐོན་རྫས་ཀྱི་རིན་ཐང་ཡང་ཇེ་མཐོར་གཏང་ཐུབ”ཅེས་རྟེན་གཞི་དེའི་འགན་འཁུར་བ་ཝང་ཏེ་ཅུན་གྱིས་དེ་ལྟར་བཤད།
པདྨ་མའི་ཤ་མོ་ལུག་གྲོད་དང་མུར་ནག་ལ་མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས་ཀྱི་གནམ་གཤིས་སྤུས་ལེགས་ཀྱི“དམིགས་བསལ”ངོས་འཛིན་དཔར་ཡིག་ཐོབ་ཡོད་པ་མ་ཟད། རྒྱལ་ཁང་ཀྱི་ཁྱད་ལྡན་གསར་བྱུང་ཐོན་རྫས་གྲགས་ཅན་གྱི་མིང་མཛོད་ནང་གི་གཅིག་ཀྱང་རེད། ཐོན་ལས་དར་སྤེལ“དལ་བ”ཡི་གཏན་ཚིགས་ཀྱིས་མཐོ་སྒང་གི་མཁར་གྲོང་ཆུང་ཆུང་འདིའི་ཁྱད་ལྡན་མཚན་བྱང་ལ་སྔར་ལས་བཀྲགས་མདངས་བསྣན།

པདྨ་རྫོང་མཐོ་སྒང་ཤ་མོ་རིགས་འདེབས་འཛུགས་དཔེ་སྟོན་རྟེན་གཞིའི་འགན་ཁུར་བ་ཝང་ཏེ་ཅུན(གཡས)དང་བཟའ་ཟླ་གཉིས་ཀྱིས་ཤ་མོའི་སྐྱེ་ཚུལ(菌包)ལ་ལྟ་ཞིབ་བྱེད་པ།
པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་ཧོར་སྐོར་གྲོང་ཚོའི་ཤྭ་གསོ་རྟེན་གཞི་རུ་འགན་འཁུར་བ་ཞའེ་ཧྥ་ཁྲེང(གཡོན)དང་ལས་གྲོགས་གཉིས་ཀྱིས་གཟན་རྩྭ་སྣོན་བཞིན་པ།
ཇ་ལོས་ཡུལ་གཅིག་གི་ཡུལ་སྐོར་དར་སྤེལ་བཏང་།
ལོ་རེའི་དབྱར་ཁར། པདྨ་རྫོང་གི་བོད་ཇ་འཐོག་པའི་དུས་ཡིན་པས་ཆེས་འཁྲུག་ཆ་དོད་པའི་དུས་དེ་བསུས་པ་དང་། ཇ་ལོ་འཐོག་པའི་དུས་ཆེན་གྱིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་བཀུགས།
བོད་ཇ་པདྨ་རྫོང་གི་གྲོང་ཚོ་དར་སྤེལ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏང་བའི་ཐོན་ལས་གཙོ་བོར་གྱུར།
བོད་ཇ་ནི་པདྨ་རྫོང་ལ་དམིགས་སུ་ཡོད་པའི་ཇ་ལོའི་ཐོན་རྫས་རིགས་ཤིག་ཡིན། སྐྱེས་ཚད་དལ་ཞིང་། ཇ་ལོའི་ནང་དུ་ཇའི་ཧྥེན་མང་པོ(茶多酚)དང་ཨན་ཅི་སུན(氨基酸)སོགས་འཚོ་རྒྱུ་འདུ། སྔོན་ཆད་སྤུས་རྟགས་དང་ཁྲོམ་རར་ཆ་རྒྱུས་ཆེར་མེད་རྐྱེན་ཐོན་ཁུངས་རྩ་ཆེན་པོ་དེ་དུས་ཡུན་རིང་བོར“ཕུག་ཁང་དུ་བཞག་ནས་ལུས།” ལོ་འདི་དག་རིང་ལ་ས་གནས་ཀྱིས་བོད་ཇའི་སྤུས་རྟགས་བཟོ་བའི་བརྩོན་པ་ཆུ་བའི་རྒྱུན་བཞིན་བསྐྱངས་པ་མ་ཟད། ཇ་ལོ་འཐོག་པའི་དུས་ཆེན་ཡང་ཕྲེང་བཞིན་དུ་སྤེལ། དུས་ཆེན་གྱི་སྐབས་སུ་ཡུལ་སྐོར་བས་ཇ་ལོ་འཐོག་པ་དང་། ཇ་སྐོལ་བ། བཟའ་བཏུང་ལོངས་སྤྱོད་ཀྱི་ཞོར་ཏུ་བོད་ཀྱི་གླུ་གར་ལ་རོལ་བ་དང་། མེ་ཕུང་སྐོར་བྲོ་འཁྲབ་པ་ལ་སོགས་ཉམས་སུ་མྱོང་ཐུབ་པའི་དུས་གཅིག་གི་རྣམ་པ་འཁྲུག་པོ་ཞིག་ཀུན་གྱི་དགའ་སྟོན་དུ་གྱུར།
དེ་ལས་ཀྱང་སྙན་གྲགས་ཆེ་ཤོས་ནི་སྤུས་རྟགས་ཀྱི་རིན་ཐང་ཇེ་མཐོར་ཕྱིན་པ་དེ་རེད། ད་སྔ་པདྨ་རྫོང་གི་བོད་ཇ་ལ་རྒྱལ་ཁབ་ཀྱི་ས་གཤིས་རང་བཞིན་གྱི་མཚོན་རྟགས་ཐོན་རྫས་ཀྱི་སྲུང་སྐྱོབ་ཐོབ་ཏེ། ཡུལ་དེའི་ཡུལ་སྐོར་དར་སྤེལ་གྱི་གོ་རིམ་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་སུ་གྱུར་ཡོད། ཡུལ་དེས“ནས་ནག”གི་དུས་བཞིའི་སྤུས་རྟགས་ཀྱི་འཐབ་ཇུས་གསར་དུ་གཏོད་ཅིང་། “ལུས་རྩལ་གྱིས་སྣེ་ཁྲིད་དང་། རིག་གནས་ཀྱིས་སྲོག་སྙིང་འཛིན་པ། ཡུལ་སྐོར་གྱིས་སྡིངས་ཆ་བསྐྲུན་པ། ཞིང་ལས་ཀྱིས་རྨང་གཞི་སྲུང་བ། ཚོང་ལས་ཉོ་ཚོང་གིས་འཕར་ཕྱོད་ལ་ཤུགས་རྒྱག་པ”བཅས་ཀྱི་མཉམ་འདྲེས་གོང་སྤེལ་གྱི་རྣམ་པ་གསར་པ་བསྐྲུན་ཏེ། མཐོ་སྒང་གི་འཇའ་ཚོན་ལ་འགྲན་པའི་མཚོ་ཀན་ཁྲོན་གསུམ་གྱི་རྐང་གྲུག་གདན་ཞུ་འགྲན་སྡུར་དང་། “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་བརྒལ་མཉམ་འགྲན་གྱི(མགོ་ལོག་འགྲན་ར)སོགས་འགྲན་སྡུར་བདེ་བླག་ཏུ་སྤེལ་ནས་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ལ་སོགས་པའི་བྱེད་སྒོ་ཡི་མཁོ་སྤྲོད་ནུས་ཤུགས་ཐད་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ། ད་ལོའི་ཟླ8པའི་ཟླ་མཇུག་བར་དུ། ཡུལ་སྐོར་བ་མི་ཐེངས་ཁྲི9.425སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི7634.13མངོན་འགྱུར་བྱས།
ཇ་ལོས་ཡུལ་དེའི་ཡུལ་སྐོར་དར་སྤེལ་བཏང་། ཡུལ་སྐོར་དཔལ་འབྱོར་གྱིས་སྲོལ་རྒྱུན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ། གསར་གཏོད་ལ་ཤུགས་བསྣན་ནས་གནའ་བོའི་ལག་རྩལ་ལ་དར་རྒྱུགས་ཆེ་བའི་དུས་ཀྱི་ན་བཟའ་བསྒྲོན།
པདྨ་རྫོང་གི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་སུ་སྲོལ་རྒྱུན་དང་དེང་རབས་ཀྱི་ཐོན་རྫས་རེ་རེ་མིག་ལམ་དུ་མངོན་ཡོང་བ་སྟེ། རྫ་ནག་གི་ཁུ་ནག་བཏུང་བྱེད་ཕོར་བ་སྟེ། བོད་ལུགས་རྫ་ནག་གི་ཁྱད་ཆོས་ཤིག་ཡོད་པ་མ་ཟད་དེང་རབས་ཀྱི་མཛེས་དཔྱོད་ལ་ཡང་མཐུན་པ་ཞིག་རེད། རྟ་རྔས་གཙག་པའི་ཁ་པར་གྱི་ཤུབས་བཟོས་ལ་སོགས་གཙག་དྲུབས་ཀྱི་བཟོ་རྩལ་གྱི་ཐོན་རྫས་དག་རྒྱུན་སྤྱོད་མཁོ་ཆས་སུ་གྱུར། བོད་ལུགས་རི་མོ་དར་རས་དང་། ནོར་ཁུ་ཡི་སྐེ་དཀྲུ་ལ་སོགས་པའི་ཐོན་རྫས་ཚར་དུ་དངར།
“ང་ཚོས་སྲོལ་རྒྱུན་ལག་ཤེས་ཀྱི་བཟོ་ཐབས་དང་རང་བྱུང་གཏེར་རྫས་ཀྱི་བྱུག་རྩི། རྫ་སྲེག་བཟོ་རྩལ་ལ་སོགས་ཀྱི་ལས་ཤེས་སོར་ཉར་དང་ཆབས་ཅིག ཡོ་ཆས་ཀྱི་དབྱིབས་དང་མཐུག་ཚད། ངོས་ཀྱི་འཇམ་རྩུམ་ལ་སོགས་ནས་ཇེ་ལེགས་སུ་བཏང་བས་རྫ་ནག་ཐོན་རྫས་དེ་དེང་རབས་ཀྱི་འཚོ་བར་དང་ཧ་ཅང་འཚམ་པོ་ཡོད། ཚོང་ལམ་རྒྱ་སྐྱེད་ཆེད་དུ་དྲ་ཐོག་གི་སྟེགས་བུ་དང་དྲ་འོག་གི་ཚོང་ཁང་ཟུང་འབྲེལ་གྱི་ཐབས་སྤྱད་དེ་སྲོལ་རྒྱུན་རིག་གནས་ཀྱི་ཐོན་རྫས་དེ་མང་ཚོགས་ཀྱི་ཁུག་མའི་ནང་གི་སྒོར་དམར་རྐྱང་རྐྱང་དུ་གྱུར། ” པདྨ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཀའོ་ཞའོ་ཧུའུ་ཡིས་ཡིད་ཆེས་ཀྱིས་ཁེངས་ནས་བཤད།
གཟུགས་འདས་རིག་གནས་ཤུལ་བཞག་གི་འཕེལ་རྒྱས་དེ་རིམ་བཞིན་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་སྤར་བའི་སྒུལ་ནུས་གསར་པར་གྱུར། པདྨ་རྫོང་གིས“ཡུལ་སྐོར+གཟུགས་འདས་རིག་གནས་ཤུལ་བཞག”གི་འཕེལ་རྒྱས་བསམ་ཕྱོགས་ལ་སྦྱར་ཏེ། ཡུལ་དེའི་རྫ་ནག་དང་རྟ་རྔའི་གཙག་དྲུབས། ཐང་ག་ལ་སོགས་པའི་གཟུགས་འདས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་ནས་འགེལ་རིས་དང་རྡོ་རྐོས་ཇ་ཕོར། རྫ་ནག་གི་ཇ་ཕོར་ལ་སོགས་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་པ་བཏོན། བསྡོམས་རྩིས་ལྟར་ན། ད་ལོར་རིག་གནས་གསར་གཏོད་ཀྱི་ཐོན་རྫས་རྐྱང་རྐྱང་བྲིན་འཚོང་གི་ཚད་སྒོར་ཁྲི100ལས་བརྒལ་ཡོད།
པདྨ་རྫོང་ཨུའི་ཧྲུའུ་ཅི་ཆི་པའོ་དབྱི་ཡིས་བལྟས་ན། པདྨ་རྫོང་གི་ལག་ལེན་ལས་མཐོ་སྒང་ས་ཁུལ་གྱི་རྫོང་ཁོངས་དཔལ་འབྱོར་དེ་ངེས་པར་དུ་ས་གནས་ཀྱི་ཐོན་ཁུངས་ལ་གཞི་བཅོལ་ན། ད་གཟོད་ཁྱད་ལྡན་ཅན་དང་བར་ཁྱད་ཅན་གྱི་ལམ་དུ་བསྐྱོད་ཐུབ། ནོར་ནག་གི་ཨེ་སྤྱིན་ཐོན་རྫས་ཀྱིས་ཕྱུགས་ལས་ཀྱི་ཟུར་སྣོན་རིན་ཐང་ཡར་སྤར་བ་དང་། ཁྱད་ལྡན་གསོ་སྤེལ་དང་ཁྱད་ལྡན་འདེབས་འཛུགས་ཀྱིས་ཐོན་ལས་ཀྱི་གྲུབ་སྟངས་ཕུན་སུམ་ཚོགས་པར་བཏང་། རིག་གནས་ཡུལ་སྐོར་གྱི་བྱེད་སྒོས་ཐོན་ལས་གསུམ་མཉམ་སྤེལ་ལ་སྐུལ་འཁྲིད་བྱས་ནས་གཟུགས་འདས་རིག་གནས་ཤུལ་བཞག་གསར་གཏོད་ཀྱིས་རིག་གནས་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བསྐྱངས། འགག་སྒོ་གཏོར་ས་གནད་ལ་འཁེལ་བ་ཞིག་བཙལ་ཏེ། གསར་གཏོད་ཀྱི་བློ་གདེང་བསྐྱེད་ན་སྲོལ་རྒྱུན་ཐོན་ལས་ལ་ཡང་གསོན་ཤུགས་གསར་པ་རྒྱས་ཐུབ་པར་མ་ཟད། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་སྒུལ་ཤུགས་ཆེན་པོ་རུ་ཡང་གྱུར་ཐུབ་བོ། །