ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

བསྟུད་མར་ཉིན་འགའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས། ཚང་མས་བསྟན་དོན། རང་རྟོགས་སྒོས་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ཏུ་བསྟར་བ་དང་། དམངས་སེམས་གཅིག་མཐུན་དང་ཞུམ་མེད་མདུན་བསྐྱོད་ཀྱིས་སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱ་དགོས།

ད་ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ད་ལོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཕྱིར་དྲན་བྱས་པ་མ་ཟད། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་ལེགས་པོ་ཞིག་སྒྲིལ་བ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པ་འགོ་ལེགས་པོ་རྩོམ་དགོས་པ་བསྟན་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། འདི་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ། དཀའ་ཁག་ལ་མ་འཛེམ་པར་མདུན་དུ་བསྐྱོད་པའི་འབད་བརྩོན་གྱི་འབྲས་བུ་ཡིན་པས། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་མཚོན་པ་རེད།

ཐེན་ཅིན་གྲོང་ཁྱེར་ཚོང་དོན་ཅུའུ་འཛད་སྤྱོད་སྐུལ་འདེད་ཁྲུའུ་ཡི་ཁྲུའུ་ཀྲང་། ཧོ་ཞའོ་དབྱང་གིས་བཤད་རྒྱུར།

2025ལོར། རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་མདུན་དུ་བསྐྱོད་དེ། ལེགས་ཤིང་གསར་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་ལ། གསོན་ཤུགས་ཆེན་པོ་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཡོངས་ཀྱི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྣེ་ཁྲིད་མཁན་ཡིན་པར་རག་ལས་པས། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་།

ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཡན་ཐ་ཆུས་གློག་རྡུལ་གྲོང་སྲང་ལམ205སྡེ་ཁུལ་གྱི་སྡོད་དམངས་ཞའོ་ལིན་གྱིས་བཤད་རྒྱུར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་ཀྱི་ལོ་ལྔའི་རིང་གི་འགྱུར་ལྡོག་ཧ་ཅང་ཆེ་ལ། འཚོ་སྡོད་ཁོར་ཡུག་ནས་སྤྱི་པའི་ཞབས་ཞུ་བར་དང་། འགྲོ་འོང་སྟབས་བདེ་ནས་སློབ་གསོ་དང་སྨན་བཅོས་བར། དམངས་འཚོའི་བདེ་སྐྱིད་དངོས་སུ་ཚོར་ཐུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་དམངས་སེམས་དང་དམ་པོར་སྦྲེལ་ཡོད་པ། ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བའི་ཐད་བཀོད་སྒྲིག་ལེགས་པོ་བྱས་ཡོད་པས།  ང་ཚོའི་མ་འོངས་པའི་འཚོ་བར་སྔར་ལས་རེ་བས་ཁེངས་འདུག

ཞིན་ཅང་ཧོ་ཐེན་ས་ཁུལ་མོ་ཡུས་རྫོང་དབྱི་ཕུའུ་པ་ཀྲ་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ།  ཨ་དབྱི་ཐུའུ་ཨེར་སུན་ཨ་པུའུ་ཏུའུ་ལི་པེ་ཨར་གྱིས་བཤད་རྒྱུར། ད་ལོ་ནི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅང་དུ་ཕེབས་ནས་ཚང་མ་དང་མཉམ་དུ་རྟེན་འབྲེལ་ཞུས་པས། ང་ཚོ་ཚང་མ་སེམས་འགུལ་ཐེབས་པར་མ་ཟད་དངོས་ནས་དྲོད་སྐྱིད་ལྡན་པ་ཞིག་རེད། ད་སོ་མ་བསྡུས་པའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་མི་དམངས་ལ་དོན་དངོས་བསྒྲུབ་དགོས་པ་བསྟན་ཡོད། ང་ཚོས་དམངས་ཕན་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཏེ། བྱེད་ཐབས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བཏབ་སྟེ། འཕེལ་རྒྱས་ཀྱི་ཁེ་ཕན་མི་རིགས་སོ་སོའི་མང་ཚོགས་ལ་ཐོབ་དུ་འཇུག་དགོས།

ཚོགས་འདུ་ལས་བསྟན་དོན། ངེས་པར་དུ་དཔལ་འབྱོར་གྱི་བག་ཤུགས་སྔོག་འདོན་གང་ལེགས་བྱ་དགོས་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བཅོས་བསྒྱུར་གསར་གཏོད་མཉམ་སྤེལ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་ལྷོད་དགོས་པ་མ་ཟད་དོ་དམ་ལེགས་པོ་བྱེད་དགོས། ངེས་པར་དུ་དངོས་པོ་དང་མིའི་སྟེང་དུ་དངུལ་གཏོང་བྱེད་པ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་ནང་རྩལ་ལ་བརྟེན་ནས་ཕྱི་རོལ་གྱི་འགྲན་སློང་ལ་ཁ་གཏོད་པ་བཅས་བྱ་དགོས། ཚང་མས“ངེས་པར་དུ་བསྒྲུབ་དགོས་པ་ལྔ་”ཡིས་ང་ཚོའི་ཏང་གིས་གནས་བབ་གསར་པའི་འོག་དཔལ་འབྱོར་བྱ་བ་ལེགས་པར་སྒྲུབ་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཡོད་པས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད། མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱ་དགོས་པར་འདོད།

པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཏང་ཨུའི་ཧྲུའུ་ཅི། ཝུའུ་ཞའོ་ཅེ་ཡིས་བཤད་རྒྱུར། ཁྲའོ་དབྱང་ཆུས་ནི་རྒྱལ་སའི་རྒྱལ་སྤྱིའི་འགྲོ་འོང་སྐར་ཁུང་ཆུས་ཞིག་ཡིན་པའི་ཆ་ནས། ང་ཚོས་རྒྱལ་སྤྱིའི་རང་བཞིན་གྱི་ཉོ་ཚོང་ཁོར་ཡུག་དང་དངུལ་གཏོང་ཁོར་ཡུག ཚོང་གཉེར་ཁོར་ཡུག གྲོང་ཁྱེར་ཞབས་ཞུའི་ཁོར་ཡུག་བཅས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས་པ་དང་། ཆུ་ཚད་མཐོ་བའི་ཞབས་ཞུའི་ཁེ་ལས་“ནང་དུ་འདྲེན་པ་”དང་“ཕྱི་རུ་སྐྱོད་པའི་”བྱ་བ་ལེགས་པོར་བསྒྲུབ་དགོས། “གློད་གྲོལ་གཏོང་”དགོས་པ་མ་ཟད“དོ་དམ་ལེགས་པོ་བྱེད་དགོས”ཞེས་པའི་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས།

ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཡོན་ཨུ་ལྷན་ཁང་ས་ཁོངས་དཔལ་འབྱོར་ཁྲུའུ་ཡི་ཁྲུའུ་ཀྲང་། དབྱང་ཆིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་“ངེས་པར་དུ་བསྒྲུབ་དགོས་པ་ལྔ་”བཏོན་ཡོད་པས། ང་ཚོས་དཔལ་འབྱོར་བརྟན་པོའི་ཁྲོད་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་དགོས་པ་དང་། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་འཐབ་ཇུས་ཀྱི་རང་འགུལ་ལས་རྣམ་པར་རྒྱལ་པར་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ཏེ། ང་ཚོས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དཔའ་ངར་ཆེན་པོས་བརྩོན་ལེན་བྱས་ཏེ། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་འདེགས་སྐྱོར་བྱེད་པའི་འཕར་སྣེ་གལ་ཆེན་མགྱོགས་མྱུར་ངང་བསྐྲུན་དགོས།

ཚོགས་འདུ་ལས་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་མ་ཟད། ལས་འགན་གལ་ཆེན་བརྒྱད་བཀོད་སྒྲིག་བྱས་ཡོད། ཚང་མས་རང་རྟོགས་སྒོས་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱ་དགོས་པ་བསྟན། 

ཧའེ་ནན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཆིས་ཧྲུའུ་ལི་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས། ད་ལྟ་ང་ཚོས་ནུས་ཤུགས་ཡོད་རྒུས་སྒོ་ཁྲལ་དང་འཁོར་སྐྱོད་ཀྱི་གྲ་སྒྲིག་ལས་དོན་ཁག་དམ་འཛིན་བྱེད་བཞིན་ཡོད་ལ། ང་ཚོས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་ལྟར། ལམ་ལུགས་རྣམ་པའི་སྒོ་འབྱེད་དང་ས་ཁོངས་གལ་ཆེན་གྱི་འཐབ་ཇུས་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་བསྣན་ནས།  ཧུར་ཐག་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་བསྐྲུན་དགོས།

ཀོང་ཏུང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་ཕྱོགས་བསྡུས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲིན་གོ་ཆིན་གྱིས་བཤད་རྒྱུར།

ཐེངས་འདིའི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས། ཀོང་ཏུང་དང་ཞང་ཀང།  ཨའོ་མིན་མཚོ་ཁུག་ཆེན་མོའི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་སྐྲུན་རྒྱུ་འདི་ནི་ཀོང་ཏུང་ལ་གནས་བབ་གསར་པའི་འོག་ཚན་རྩལ་གསར་གཏོད་བྱ་བ་ལེགས་པོ་སྒྲུབ་པའི་མཛུབ་སྟོན་ཞིབ་ཕྲ་བྱས་པ་ཡིན་པ་གླེང་ཡོད།  ང་ཚོར་ཞང་ཀང་ཨའོ་མོན་དང་ལྷན་དུ་ནུས་རིམ་མཐོ་བའི་གསར་གཏོད་ལས་སྟེགས་སྡེ་ཚོགས་འཛུགས་སྐྲུན་བྱས་ཏེ།  མངའ་ཁོངས་ལས་བརྒལ་བའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་མཉམ་དུ་ཤུགས་བསྣན་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བར་ཡིད་ཆེས་དང་གདེང་ཚོད་ཀྱིས་ཁེངས་ཡོད།

འཆར་གཞི་བཀོད་ཟིན་པ་དང་དངོས་སྒྲུབ་ཀྱིས་འབྱུང་འགྱུར་སྐྲུན་དགོས། ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  ཡིད་ཆེས་བརྟན་པོ་དང་དམ་པ་དོན་གཉེར་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས།

སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧོ་གྲོང་རྡལ་ཡུང་ཧྥུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི། ལི་ཞུའེ་ཕིང་གིས་བཤད་རྒྱུར།

ད་ལོ་ང་ཚོའི་རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་(གྲངས་འབོར་)ཐད“བསྟུད་མར་ལོ་ཉེར་གཉིས་རིང་ལོ་ལེགས་བྱུང་སྟེ། དགའ་སྤྲོ་ཚད་མེད་སྐྱེས་ཡོད།  ཚོགས་འདུ་ལས་ནན་གྱིས་བསྟན་དོན།    འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་དགོས།   ང་ཚོས་ཐོན་རྫས་གསར་པ་དང་།   ལག་རྩལ་གསར་པ།   ཞིང་པ་གསར་པ་བཅས་སྔར་ལས་མང་བ་སྐྱེད་སྲིང་བྱས་ཏེ།    གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་མུ་མཐུད་སྐུལ་འདེད་བཏང་ནས།  མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དང་ང་ཚོའི་གྲོང་གསེབ་ཇེ་ཡག་ཏུ་འགྲོ་རུ་འཇུག་དགོས།

ཅང་སུའུ་ཞིང་ཆེན་གྲུ་གཟིངས་མཚོ་བཟོའི་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཡུས་ཆིན་གྱིས་བཤད་རྒྱུར།

ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་རྩོམ་པར་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།  ང་ཚོས་ཚན་རྩལ་གསར་གཏོད་དང་ཚན་རིག་ཞིབ་འཇུག་གི་མཁྲེགས་གཏོར་ལ་ཤུགས་སྣོན་དགོས་ལ། རྒྱ་མཚོའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་དགེ་མཚན་མུ་མཐུད་དུ་སྲ་བརྟན་དང་ཇེ་མཐོ་རུ་གཏོང་དགོས་ཤིང་། རྒྱ་མཚོའི་གསར་དར་ཐོན་ལས་སྟོབས་ཆེར་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་འཛུགས་པར་ཚན་ཞིབ་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།

ནང་སོག་པ་ཡན་ཀྲོ་ཨར་གྲོང་ཁྱེར་ལིན་ཧོ་ཆུས་རྒྱལ་གཉེར་ཤིན་ཧྭ་ནགས་རའི་མགོ་གཙོ། ཆིས་ཞིན་ཡུའུ་ཡིས་བཤད་རྒྱུར།

ཚོགས་འདུ་ལས་“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་བཏོན་པ་དེས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ང་ཚོས་དོན་དངོས་ལ་གཞི་ཚུགས་ཏེ་ཚན་རིག་དང་མཐུན་པའི་ཇུས་འདོན་བྱས་ནས། བཟོ་སྐྲུན་གྱི་བྱེ་འཇགས་དང་འོད་བརྟེན་བྱེ་བཅོས་སོགས་ཀྱི་རྣམ་པ་གསར་པ་ལེགས་པར་སྤྱོང་དགོས་ལ། འགུལ་སྐྱོད་དངོས་ཀྱིས་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཇེ་བརྟན་དུ་བཏང་སྟེ།  རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གཞི་མདངས་སྔར་བས་མཛེས་སྡུག་ལྡན་པར་བྱེད་དགོས།

ཧེ་ལུང་ཅང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་འཆར་འགོད་དང་དངུལ་གཏོང་ཁྲུའུ་ཡི་ཁྲུའུ་ཀྲང་། ལའེ་ཐའོ་ཡིས་བཤད་རྒྱུར།

ང་ཚོས་ཚོགས་འདུའི་དགོངས་དོན་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་དགོས་ལ། རྣམ་པའི་གསར་བའི་བཟོ་ལས་ཅན་ལ་གང་མགྱོགས་སྒོས་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་བྱེད་པའི་ལྟེ་བའི་ལས་འགན་ལ་དམིགས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་སྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཧུར་ཐག་གིས་བྱས་རྗེས་འཇོག་ངེས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།