ཟླ12པའི་ཚེས11ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་ཀྱི་སྣེ་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཐ་རྒྱ་བོད་རིགས་ཡུལ་ཚོ་རུ་སོང་ནས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་བེད་སྤྱོད་གནས་ཚུལ་ལ་རྟོག་ཞིབ་བྱས།
ཐ་རྒྱ་ཡུལ་ཚོ་ཐ་རྒྱ་སྡེ་བ་གཉིས་པས་ཐུན་མིན་གྱི་བོད་ལུགས་སྲོལ་རྒྱུན་སྒེར་ཁང་སོར་འཇོག་བྱས་ཡོད་པས། སྐོར་ཐེངས་བཞི་པའི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་ཐོའི་གྲས་སུ་ཚུད། མགོན་པོ་བཀྲ་ཤིས་སོགས་ཐ་རྒྱ་སྡེ་བ་གཉིས་པ་རུ་སོང་སྟེ། སྲོལ་རྒྱུན་སྒེར་ཁང་འདུས་ཁུལ་དུ་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་བེད་སྤྱོད་ཀྱི་བྱ་བར་ཡུལ་དངོས་སུ་ལྟ་ཞིབ་བྱས་ལ། སྡེ་མི་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཁག་དང་བསམ་ཚུལ་བརྗེ་རེས་བྱས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་སྡེ་བའི་གཞི་རྩའི་གནས་བབ་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་ཤིང་། བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་དཀའ་གནད་དང་འགག་གནད་ལ་ཁ་གཏད་ནས་བྱེད་ཐབས་བཏོན། མགོན་པོ་བཀྲ་ཤིས་ཀྱིས་སྡེ་མི་རྣམས་ཀྱིས་སེམས་ཤུགས་གཉིས་བཀོལ་གྱི་སྒོ་ནས་རྩ་ཆེ་བའི་རིག་གནས་ཤུལ་བཞག་ཏུ་གྱུར་པའི་སྲོལ་རྒྱུན་སྒེར་ཁང་ལ་བདག་སྐྱོང་གང་ལེགས་བྱེད་དགོས། ཐོག་མའི་ཞིང་གྲོང་གི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་དགོས་པར་མ་ཟད། རིག་གནས་ཐོན་ཁུངས་ཀྱི་ནུས་པ་ཐོན་པར་བྱས་ནས་གཞིས་རྙིང་ལ་གསོན་ཤུགས་རྒྱས་སུ་འཇུག་དགོས་པའི་སྐུལ་མ་བཏང་།
མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྲོལ་རྒྱུན་སྒེར་ཁང་ནི་ས་གནས་མང་ཚོགས་ཀྱི་བློ་གྲོས་མངོན་སྟངས་ཤིག་དང་། མི་རིགས་ཀྱི་ཁྱད་ཆོས་གཅིག་འདུས་ཀྱི་མངོན་སྟངས་ཤིག་ཡིན་པས། དེས་ལོ་རྒྱུས་དང་རིག་གནས་ཤིག་མཚོན་ཡོད། སྲོལ་རྒྱུན་གྲོང་ཚོར་སྲུང་སྐྱོབ་བཟང་པོ་དང་བེད་སྤྱོད་ཡག་པོ་གཏོང་རྒྱུ་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ནུས་ལྡན་གྱི་བྱེད་ཐབས་བསྡུ་ལེན་བྱས་ཏེ། སྲོལ་རྒྱུན་གྲོང་ཚོར་ཡུལ་ཞེན་གྱི་དྲན་པ་སྲུང་འཛིན་བྱེད་ཅིང་དམངས་ཕྱུག་གི་ལམ་གསར་བ་ཞིག་བཏོད་ཡོད། ཁོས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། སྲོལ་རྒྱུན་གྲོང་ཚོའི་ལོ་རྒྱུས་ཀྱི་ཆར་སྲུང་སྐྱོབ་བྱེད་དགོས་ལ། ཞིང་གྲོང་གི་ཆགས་དབྱིབས་དང་ཡུལ་དུས་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་དགོས། སྲོལ་རྒྱུན་གྲོང་ཚོའི་ཉིན་རྒྱུན་གྱི་དོ་དམ་སྲུང་སྐྱོབ་ནན་འཛིན་བྱས་ཏེ། ལམ་ལུགས་ཅན་དང་རྒྱུན་རྣམ་ཅན། ཡུན་ཕན་ཅན་གྱི་དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྲོལ་རྒྱུན་གྲོང་ཚོར་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་སོ་སོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུན་འཛིན་ཁྲོད་བེད་སྤྱོད་གཏོང་དགོས་ན། སྲོལ་རྒྱུན་གྲོང་ཚོའི་རྣམ་པ་སྲུང་འཛིན་བྱེད་དགོས་པར་མ་ཟད། དེ་ལས་ལྷག་པར་སྲོལ་རྒྱུན་གྲོང་ཚོའི་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ནས། སྡེ་མི་དེ་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་ཀྱི་ཟབ་ཞུགས་མཁན་གཙོ་བོ་དང་ཕན་ཁེ་རག་མཁན་གཙོ་བོར་འགྱུར་དུ་འཇུག་དགོས། སྲོལ་རྒྱུན་གྲོང་ཚོའི་ལོ་རྒྱུས་རིག་གནས་སྔོག་འདོན་ཟབ་མོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་སྣ་མང་ཐབས་ལམ་འཚོལ་ཞིབ་དགོས་ལ། གྲག་མེད་དུ་ལུས་པའི་རིག་གནས་ཤུལ་བཞག་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་པའི་རྒྱུ་ནོར་ཞིག་ཏུ་འགྱུར་བར་བྱས་ནས། རིག་གནས་རྒྱུན་འཛིན་དང་གྲོང་གསེབ་དར་སྤེལ་གྱི་མཉམ་སྤེལ་རྣམ་པ་མངོན་འགྱུར་བྱེད་དགོས། སྲིད་གྲོས་རྩ་འཛུགས་ཀྱིས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་བེད་སྤྱོད་གཏོང་བར་དམིགས་ཏེ་དགེ་མཚན་དང་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་དགོས་ལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ནས། རང་ཞིང་གི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་བེད་སྤྱོད་བྱ་བར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།