ཉིན་ཤས་རིང་ཐེན་ཅིན་དང་ཧྲན་ཞི། ཧའེ་ནན། དངུལ་རྩའི་ཀྲུང་དབྱང་ཁེ་ལས་བཅས་ནས་བསྟུད་མར་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ་རྣམ་པ་མི་འདྲ་བའི་གཞི་རིམ་སྒྲོག་འགྲེལ་རྩ་འཛུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མི་སེམས་ལ་ཟུག་པར་སྐུལ་འདེད་བཏང་།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་ཆེད། ཐེན་ཅིན་གྱིས་ཆེད་མཁས་པ་དང་། “ངལ་རྩོལ་དཔེ་ལེགས་ཅན་གྱི་སྒྲོག་འགྲེལ་ཚོགས་པ། ”“གཞོན་ནུ་སྒྲོག་འགྲེལ་རུ་ཁག”རྩ་འཛུགས་བྱས་ཏེ་ལས་ཁུངས་དང་ཁེ་ལས། སློབ་གྲྭ་སོགས་སུ་སོང་ནས་ཁག་བགོས་ཅན་དང་རྣམ་པ་མང་བའི་སྒོ་ནས་སྒྲོག་འགྲེལ་བྱས།
ཐེན་ཅིན་ཡང་བའི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་ལའེ་ཅ་ཧུའེ་ཡིས་བཤད་རྒྱུར།
ཚང་འཛོམས་གྲོས་ཚོགས་ལས་བཀོད་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བརྗིད་ཆེའི་འཆར་འགོད་དེས་ང་ལ་བློ་བསྐྱེད་ཆེན་པོ་བསྩལ་སོང་། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཆེད་ལས་ལ་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། ཆེད་ལས་འཇོན་ཐང་མི་སྣ་ཞིག་ཏུ་སྦྱོང་བརྡར་བྱས་ཏེ། རང་འགུལ་སྒོས་ཚན་རྩལ་རང་ཚུགས་རང་སྟོབས་དང་། དེང་རབས་ཅན་གྱི་ཐོན་ལས་འཛུགས་སྐྲུན་སོགས་ཀྱི་ལག་ལེན་ནང་ཞུགས་ནས། མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་ཐུབ་པར་བྱས་ནས་ལང་ཚོའི་འབད་འཐབ་ལ་བརྟེན་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན།
ཧྲན་ཞི་ཡིས་རིམ་པ་སོ་སོ་དང་རིགས་སོ་སོའི་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས་གྲོང་གསེབ་དང་སྡེ་ཁུལ་དུ་བསྐྱོད་དེ་སྐོར་སྐྱོད་སྒྲོག་འགྲེལ་བྱས། ཐའེ་ཡོན་དུ་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་། ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས། “གྲོང་མིའི་སློབ་ཁང་”སོགས་ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་རྩ་འཛུགས་བྱས་ཏེ་གོ་བདེ་བའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན། མྱོང་ཚོར་ཟབ་པའི་འཚོ་བའི་འགྱུར་ལྡོག་བཅས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འཆད་འགྲེལ་གཏིང་ཟབ་བྱས།
ཧྲན་ཞི་ཐའེ་ཡོན་ཤིན་ཧྭ་ལིང་ཆུས་ཀྲུང་ཁྲེ་སྡེ་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅི་པོ་ལི་ན་ཡིས་བཤད་རྒྱུར།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་དམངས་འཚོ་འགན་ལེན་དང་ལེགས་བཅོས་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ལ་ཐུགས་ཁུར་གནང་གིན་ཡོད་པ་ང་ཚོར་མྱོང་ཚོར་ཟབ་མོ་ཐེབས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྟོན་དུ་བཟུང་ནས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བརྒྱུད་ནས་གཞི་རིམ་བཅོས་སྐྱོང་གི་གྲུབ་འབྲས་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སུ་འགྱུར་བ་བྱེད་རྒྱུ་ཡིན།
ཧའེ་ནན་གྱིས་མི་སེར་སྒྲོག་འགྲེལ་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས། ལས་རིགས་སོ་སོ་ནས་ཡོང་བའི་སྒྲོག་འགྲེལ་པ་རྣམས་ཀྱིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཚད་གཞི་མཐོ་བའི་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་དང་། རྒྱ་མཚོ་གསར་སྤེལ་དང་བེད་སྤྱོད་སྲུང་སྐྱོང་ལ་ཤུགས་སྣོན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་སར་དམིགས་ནས། བརྗོད་བྱ་གཙོ་བོ་མངོན་སུམ་ཡིན་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ་ཡོད།
ཧའེ་ནན་ཧའེ་ཁའུ་ཞིག་དབྱིང་ཆུས་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིན་ཀང་གིས་བཤད་རྒྱུར། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པར་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ལ་བསྒྱུར་བར་བྱེད་པ་དེས་ང་ལ་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། འགན་འཁྲི་ཡང་ཇེ་ལྕིར་གྱུར། ངས་བྱ་སྤྱོད་དངོས་ཀྱིས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་། དོན་དངོས་སྒྲུབ་པ་དང་འགན་འཁྲི་ཐེག་ཐུབ་པའི་སྒོ་ནས་སྒོ་འབྱེད་ཀྱི་འགན་འཁྲི་ལག་བསྟར་བཅས་བྱས་ནས། རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ཁྲོད་ཧུར་ཐེག་གིས་ཞུགས་རྒྱུ་ཡིན།
དངུལ་རྩའི་ཀྲུང་དབྱང་ཁེ་ལས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམ་པ་སོ་སོའི་སྒྲིག་གཞིའི་ཏང་ཡོན་དང་ལས་བྱེད་པ་ལས་གྲུབ་པའི་གཞི་རིམ་སྒྲོག་འགྲེལ་ཚོགས་པ་བཙུགས། སྒྲོག་འགྲེལ་གྱི་ནང་དོན་ནི་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལ་དམིགས་ཡོད་ལ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ལྡན་གྱི་བྱ་བ་དང་ཟུང་འབྲེལ་བྱས་ནས་གང་ཞིག་སྦྱངས་པ་དེ་བྱ་བའི་ཁྲོད་བཀོལ་ཐུབ་པ་དང་རང་གི་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱས།
ཀྲུང་གོ་ཞིང་ལས་དངུལ་ཁང་པེ་ཅིང་ཧའེ་ཏེན་ཡན་ལག་དངུལ་ཁང་ ཀུང་སིའི་ལས་སྒོ་པུའུ་ཡི་སྤྱི་གཉེར་ལི་ཞུའེ་ཕུའུ་ཡིས་བཤད་རྒྱུར།
ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གནད་འཁེལ་ཅན་དང་ཆེད་ལས་ཅན། མ་ལག་ཅན་བཅས་ཀྱི་ཞབས་ཞུ་ལྟེ་བར་བཟུང་ནས། དམའ་དབྱིངས་དཔལ་འབྱོར་དང་མི་ཐབས་རིག་ནུས། མ་འོངས་ཐོན་ལས་སོགས་མདུན་གྲལ་ཁྱབ་ཁོངས་ལ་དངུལ་རྩའི་ཞབས་ཞུ་བྱེད་ཤུགས་ཏན་ཏིག་གིས་ཇེ་ཆེར་བཏང་ཡོད། དེ་ལྟར་ཧུར་ཐག་གིས་དངུལ་རྩའི་སྟོབས་ཤུགས་ཀྱིས་གནད་ཁེལ་སྒོས་ཁེ་ལས་སྔར་ལས་མང་བོར་རོགས་རམ་ཐུབ་པར་བྱས་ཡོད།