མཚོ་ནུབ་ཁུལ་གྱིས་དགུན་དཔྱིད་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སུམ་ཅུར་ཉེ་བ་སྤེལ་བ་དང་སྤུས་ལེགས་ལམ་ཐིག་མང་པོ་གཏན་འཁེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས5ཉིན་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས2025ལོ་ནས2026ལོའི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་དུས་ཚིགས་ཀྱི་འགོ་དངོས་སུ་བརྩམས། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་སྤེལ་དང་ཁྲོམ་རའི་གསོན་ཤུགས་བསྐྱེད་པའི་དམིགས་འབེན་ལ་གཞིགས་ནས། མཚོ་ནུབ་ཁུལ་གྱིས་དགུན་དུས་ཀྱི་ཁྱད་ལྡན་ཐོན་ཁུངས་ལེགས་སྒྲིག་བྱས་པ་དང་། རིགས་ཆེན་པོ་བཞིའི་ཁྱད་ལྡན་བྱ་འགུལ་སུམ་ཅུར་ཉེ་བ་སྤེལ་བར་མ་ཟད། དམངས་ཕན་བྱེད་ཐབས་མང་པོ་སྡེབ་སྒྲིག་བྱས་ཤིང་། འཁྱགས་པའི་ཐོན་ཁུངས་དེ་ཚ་བའི་ནུས་སྣང་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ས་གནས་དེའི་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན།

མཚོ་ནུབ་ཁུལ་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་ཐོན་ཁུངས་ལེགས་སྒྲིག་དང་མཚོ་མཚེའུ་མཉམ་འགུལ་བྱེད་པ་གཙོ་ཐིག་ཏུ་བཟུང་ནས། སྣ་མང་ཅན་གྱི་རིག་གནས་ཡུལ་སྐོར་ཉམས་ལེན་རྣམ་པ་བསྐྲུན། གངས་འཁྱགས་དང་དམངས་སྲོལ། རིག་གནས་སྒྱུ་རྩལ། ལུས་རྩལ་བཅས་བརྗོད་གཞི་ཆེན་མོ་བཞིར་དམིགས་ནས། དགུན་དུས་སུ་ཧ་ལ་མཚོ་བསྐོར་བའི་རླབས་འཁོར་འགྲན་སྡུར་དང་། ཝུའུ་ལན་གྱི་ཚྭ་མཚོར་བསྐྱོད་པའི་གངས་འཁྱགས་ཀྱི་གསང་བའི་འགྲུལ་བཞུད། དམངས་ཡོངས་ཀྱིས་ལོ་གསར་བ་བསུ་བའི་སྤྲོ་ཚོགས། རྒྱ་ལོ་བཅོ་ལྔའི་དགོང་ཚོགས། ཏི་ཏུའུ་སོག་པོའི་རིག་གནས་མུ་འབྲེལ་བྱ་འགུལ་དང་རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་སོགས་ཁྱད་ལྡན་བྱ་འགུལ་སུམ་ཅུར་ཉེ་བ་སྤེལ་ཏེ། ཡུལ་སྐོར་བར་ཕུན་ཚོགས་སྣ་མང་དང་ཁྱད་ཆོས་གསལ་བའི་དགུན་དཔྱིད་ཀྱི་རིག་གནས་ཡུལ་སྐོར་ཉམས་ལེན་འདོན་སྤྲོད་བྱས།

ཡུལ་སྐོར་ལམ་ཐིག་ཇུས་འགོད་ཐད། མཚོ་ནུབ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྤུས་ལེགས་བརྗོད་དོན་ལམ་ཐིག་གཏན་འཁེལ་བྱས་ཏེ། ཐོན་ཁུངས་དང་ཉམས་ལེན་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་། དགུན་ཁར་མཚོ་ལྔ་བསྐོར་བའི་ལམ་ཐིག་གིས་མཚོ་སྔོན་པོ་དང་ཚྭ་ཁ་ཚྭ་མཚོ། ཚྭའར་ཧན་ཚྭ་མཚོ། མརྒད་མཚོ་དང་ཝུའུ་སུའུ་ཐི་ཆུ་ཐོག་མཛེས་ལྗོངས་བཅས་མཐོ་སྒང་གི་མཚོ་ལྔ་སྦྲེལ་ནས་ཡོད་པས། ཚྭ་མཚོའི་དར་བརྐོས་དང་ཡ་ཏན་མཛེས་ལྗོངས། མཐོ་སྒང་བརྙན་ལེན་སོགས་ཁྱད་ལྡན་ཉམས་ལེན་མཉམ་འདྲེས་བྱས། ཁུ་ནུའི་གསང་བ་འཚོལ་བའི་རིག་གནས་ཡུལ་སྐོར་ཞེས་པའི་ཞིབ་སློབ་ལམ་ཐིག་ལས་ཁུ་ནུ་རི་བོ་དང་ཨ་ཆེན་གངས་རྒྱབ་སོགས་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ། དམར་པོའི་རིག་གནས་དང་སྐྱེ་ཁམས་སློབ་གསོ་སོགས་ཀྱི་ནང་དོན་མཉམ་འདྲེས་ཡོང་བར་བྱས།

ཡུལ་སྐོར་བའི་ཉམས་ལེན་ཚོར་བ་སྐྱིད་པོ་ཡོང་ཆེད། མཚོ་ནུབ་ཀྱིས་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། ཁུལ་ཡོངས་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཉི་ཤུ་དགུན་དཔྱིད་དུས་སུ་རྒྱུན་ལྡན་ལྟར་སྒོ་ཕྱེས་ཏེ། ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་གྱི་པ་སེའི་རིན་གོང་ཕྱེད་ཀ་ཕབ་གཅོག་བྱས་ཤིང་། ཚྭ་འདམ་ཆེ་བའི་བྲག་དམར་ལྗོངས་ཁུལ་རིན་མེད་དུ་སྒོ་ཕྱེས་པར་མ་ཟད། སྨན་བཅོས་མི་སྣ་དང་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་སོགས་ལ་ལྗོངས་ཁུལ་གཙོ་བོའི་རིན་མེད་སྲིད་ཇུས་ལག་བསྟར་བྱས། སྐར་རིམ་མགྲོན་ཁང་ཁ་ཤས་ཀྱིས་ཁང་རིན་བརྒྱད་གཅོག་དང་ཡང་ན་ཉིན་རེའི་གོང་གཅོག་བྱེད་སྒོ་སྤེལ་ཞིང་། ཁུལ་ཁོངས་ཀྱི་རིག་གནས་བཤམས་སྟོན་ཁང་ཚང་མ་རིན་མེད་ངང་སྒོ་ཕྱེས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།